ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་འཐུས་མི་ཚོགས་པ་ནེ་པ་ལར་འཚམས་འདྲིར་བསྐྱོད་པ།
ཟླ་8ཚེས་18ནས་21ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཅང་ཅན་གོ་ཡིས་ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ། ནེ་པ་ལར་འགྲོ་བ་མིའི་ཐོབ་ཐང་སྤེལ་རེས་ཀྱི་བྱེད་སྒོར་ཞུགས་པ་རེད། འཚམས་འདྲི་བྱེད་རིང་། ཅང་ཅན་གོ“བོད་ཀྱི་མཐོང་ཐོས”ཞེས་པའི་གཏམ་རྒྱུད་མཉམ་སྤྱོད་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་པ་མ་ཟད། ད་དུང་ནེ་པ་ལའི་ཕྱི་འབྲེལ་པུའི་ལས་འགན་རྒྱུན་འཛིན་དྲུང་ཆེ་ཨ་མུའུ་ལི་ཐེ·པཱ་ཧ་ཏུར·ལ་དབྱི་དང་ནེ་པ་ལ་རྒྱལ་ཁབ་འགྲོ་བ་མིའི་ཐོབ་ཐང་ཨུ་ལྷན་གྱི་ཀྲུའུ་ཞི་ཐོ་ཕུའུ·པཱ་ཧ་ཏུར·མ་ཅར་སོགས་ས་གནས་དེ་གའི་མི་སྣ་དང་ཁག་སོ་སོར་ཐུག་འཕྲད་ཀྱང་གནང་བ་རེད།
འཐུས་མི་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་དགོས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དྲིལ་བསྒྲགས་དང་ངོ་སྤྲོད་ཧུར་ཐག་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་ལུགས་དང་བོད་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དྲིལ་བསྒྲགས་དང་འོས་སྦྱོར་གང་ལེགས་བྱ་རྒྱུ་འགོ་འཛུགས་སར་བྱས་ཏེ། ནེ་པ་ལ་ཕྱོགས་ལ་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་ནང་དོན་ཟབ་མོ་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་དང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་འོག་བོད་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསོན་ཉམས་དོད་པོས་མཚོན་པར་བྱས་པ་རེད། དེ་དང་ཆབས་ཅིག འཐུས་མི་ཚོགས་པས་ནེ་པ་ལ་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་འགྲོ་བ་མིའི་ཐོབ་ཐང་སྤེལ་རེས་དང་། རྒྱལ་ཁབ་གཉིས་པོའི་འགྲོ་བ་མིའི་ཐོབ་ཐང་གི་མཉམ་ལས་ལ་ཤུགས་སྣོན། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་ཀྱི་སྐོར་ལའང་གྲོས་བསྡུར་བྱས་པ་རེད།
ནེ་པ་ལ་ཕྱོགས་ཀྱི་ལས་རིགས་ཁག་གི་མི་སྣས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་ཆེན་པོ་བྱས་ཤིང་། ཁོང་ཚོས་རྒྱལ་ཁབ་གཉིས་པོའི་འགྲོ་བ་མིའི་ཐོབ་ཐང་གི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དེ་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་འགྲོ་བར་ཕན་པ་ཞིག་རེད། དེང་རབས་ཅན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་རང་ཉིད་ཀྱི་རིག་གནས་སྲོལ་རྒྱུན་ལ་བརྩི་འཇོག་བྱེད་པ་གང་ཞིག རང་བྱུང་ཁོར་ཡུག་ཁྲོད་ཀྱི་བོད་གསར་ལའང་སྲུང་སྐྱོང་ཧུར་ཐག་བྱས་པ་དེ། ནེ་པ་ལ་འཕེལ་རྒྱས་གཏོང་བའི་ངོས་ནས་བརྗོད་ན་བློ་འབྱེད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱས་པ་རེད། ཨ་མུའུ་ལི་ཐེ·པཱ་ཧ་ཏུར·ལ་དབྱི་ཡིས། ཀྲུང་གོས་རང་རང་སོ་སོའི་རྒྱལ་བབ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་ལམ་བདེ་བླག་ངང་བཏོད་པ་དེས་ནེ་པ་ལར་ཉམས་མྱོང་ཕུན་སུམ་ཚོགས་པོ་མཁོ་འདོན་བྱས་ཡོད་ལ་བློ་སྒོའང་ཕྱེ་ཡོད་ཅེས་བརྗོད་པ་དང་། ནེ་པ་ལ་རྒྱལ་ཁབ་འགྲོ་བ་མིའི་ཐོབ་ཐང་ཨུ་ལྷན་གྱི་ལས་ཐོག་ཨུ་ཡོན་དང་པོ་སུའུ་ཤིར·ཕི་ཡ་ཁོ་ལེར་གྱིས། ཀྲུང་གོའི《རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི(2026ལོ་ནས་2030ལོ་བར)》ཡིས་རྒྱལ་ནང་དུ་ལག་ལེན་བསྟར་བར་དམིགས་ཏེ་མི་དམངས་ཀྱི་འཕེལ་རྒྱས་དབང་ཆར་འགན་ལེན་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་འོས་འགན་བསྒྲུབས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་ཁས་ལེན་ཡང་བྱས་ཡོད་པས། དེས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྒྲིག་ཐད་ཤུགས་རྐྱེན་བཟང་པོ་ཐེབས་ངེས་རེད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།