འཇིབ་རུས་གསོས་པའི་འབྲོང་ཕྲུག་གཉིས་རང་བྱུང་ཁམས་སུ་གློད་པ།
ཞོགས་པའི་ཆུ་ཚོད་བདུན་པའི་སྐབས་བྱང་ཐང་མི་མེད་ལུང་སྟོང་ཁུལ་ལ་ད་དུང་ནམ་རྦད་དེ་ལངས་མེད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་མ་ཡེར་རི་སྐྱེས་སྲོག་ཆགས་དོ་དམ་ས་ཚིགས་ཀྱི་ལྕགས་སྒོ་ཡང་སེ་རྡུང་གི་ཡོད།
མི་མེད་ལུང་སྟོང་ཁུལ་དུ་ཡང་སྙིང་སྒོ་རྡུང་མཁན་སུ་ཡོད་དམ། གསར་འགོད་པའི་དོགས་པ་ཟ་བའི་རྣམ་འགྱུར་མཐོང་འཕྲལ། དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་བུ་ཆུང་གིས“སྒོ་རྡུང་མཁན་ན་ནིང་ང་ཚོས་བསྐྱབས་པའི་འབྲོང་ཕྲུག་དེ་གཉིས་རེད། ད་ཆ་ལོ་གཅིག་ཟིན་གྱི་ཡོད། མི་རིང་བའི་གོང་། རོགས་སྐྱོབ་ཀྱི་ཚད་གཞི་དང་འབྲོང་ཕྲུག་གཉིས་པོའི་རང་རྐྱ་འཕེར་ནུས་ལ་གཞིགས་ཏེ། ལས་མིས་འབྲོང་ཕྲུག་དེ་གཉིས་ས་ཚིགས་ནས་ཕྱིར་གློད་པ་རེད། ཡིན་ནའང་ཉིན་ལྟར་དུས་ཚོད་དེའི་སྐབས་སྒོ་བརྡུངས་ནས་འོ་མ་འཐུང་བར་ཡོང་གི་འདུག”ཅེས་གད་མོ་དགོད་ཀྱིན་བརྗོད།
ན་ནིང་ལོ་སྨད་ཀྱི་ཉིན་ཞིག་ལ། དོ་དམ་ས་ཚིགས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བས་སྦག་སྦག་བཏང་སྟེ་འཆར་ཅན་གྱི་སྐོར་གཡེང་བྱེད་སྐབས། རྒྱང་རིང་ནས་ཐང་རྒོད་ཐོག་ནག་གཟུགས་གཅིག་འགུལ་ཙམ་ཡང་མི་བྱེད་པར་བསྡད་ཡོད་པ་མཐོང་། ཉེ་བར་བཅར་ནས་ལྟ་སྐབས། དེ་ནི་བཙས་མ་ཐག་པའི་འབྲོང་ཕྲུག་ཅིག་ཡིན་པ་དང་མཐའ་འཁོར་དུ་འབྲོང་ཨ་མའི་ཤུལ་ཙམ་ཡང་མཐོང་རྒྱུ་མེད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བས་འདར་སིག་སིག་བྱེད་པའི་འབྲོང་ཕྲུག་སྟོད་གོས་ནང་བསྒྲིལ་ནས་དོ་དམ་ས་ཚིགས་སུ་ཁྲིད།
དོ་དམ་ས་ཚིགས་ཀྱི་ཆ་རྐྱེན་ཞན་ལ་མི་མེད་ལུང་སྟོང་ཁུལ་དུ་འབྲི་དང་མ་མོའི་འོ་མའང་མེད་པས། དོ་དམ་ས་ཚིགས་ཀྱིས་འོ་མ་ཉོ་བའམ་སྤྱི་ཕན་སྒྲིག་གཞིའི་མི་སྣས་ཞལ་འདེབས་བརྒྱབ་པའི་འོ་མ་དང་ལེན་མ་བྱེད་ཀ་མེད་བྱུང་བ་དང་། འོ་མ་འཇིབ་རུའི་ནང་བླུགས་ཏེ་འབྲོང་ཕྲུག་ལ་སྟེར་བ་རེད། ས་ཚིགས་ནང་ཁུལ་དུ་རླུང་འགོག་དྲོད་སྲུང་ར་བ་བསྐོར་ཏེ། དུས་བཀག་ལྟར་འབྲོང་ཕྲུག་གི་གཟུགས་པོའི་དྲོད་ཚད་དང་། ལྗིད་ཚད། ཁ་ལག་ཟ་བའི་གནས་ཚུལ་སོགས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་འབྲེལ། “ནོར་བུ”ཞེས་མིང་བཏགས་པ་རེད།
ཡུན་རིང་མ་སོང་བར། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བས་སླར་ཡང་ཐང་རྒོད་ཀྱི་ཆུ་ཡུར་ནས་རྨས་སྐྱོན་ཕོག་པའི་འབྲོང་ཕྲུག་ཅིག་རྙེད་པ་རེད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཀརྨ་འཕྲིན་ལས་ཀྱིས“སྐབས་དེ་དུས་འབྲོང་ཕྲུག་གི་མིག་དང་སྐེད་པ་ཚང་མར་རྨས་སྐྱོན་ཕོག་ནས་ཁེར་རྐྱང་དུ་ལུས་འདུག་པས། ང་ཚོས་དེ་ས་ཚིགས་སུ་ཁྲིད་ཡོང་བ་དང་མིང་ལ‘དགའ་དགའ’ཞེས་བཏགས་པ་ཡིན”ཞེས་བརྗོད།
རི་སྐྱེས་སྲོག་ཆགས་མང་པོ་སྐྱོབ་མྱོང་ཡོད་མོད། འོན་ཏེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་མི་ཉུང་བ་ཞིག་ནི་འབྲོང་ཕྲུག་ལ་ལྟ་རྟོག་བྱེད་ཐེངས་དང་པོ་རེད། བུ་ཆུང་གིས“འབྲོང་ཕྲུག་དེ་གཉིས་བསྐྱབས་ཏེ་ས་ཚིགས་སུ་སླེབས་སྐབས་རྩྭ་ཟ་ཐུབ་ཀྱི་མི་འདུག འཇིབ་རུ་ཆུང་ཆུང་ནང་འོ་མ་བླུགས་ནས་སྟེར་དགོས་ཤིང་། ཉིན་རེར་ཐེངས་གསུམ་སྟེར་དགོས་པ་དང་། ཐེངས་རེར་འཇིབ་རུ་ཁ་ཤས་འཐུང་ཐུབ་ཀྱི་འདུག ཟླ་བ་བདུན་བརྒྱད་སོང་རྗེས། འབྲོང་གཅིག་གི་འཐུང་ཚད་ཕལ་ཆེར་དར་མ་བཅུའི་ཉིན་གཅིག་གི་འོ་མའི་ཚད་གཞིར་སླེབས་ཀྱི་འདུག”ཅེས་བརྗོད།
དགུན་གྲང་ངད་ཀྱི་དུས་འདས་ཏེ་དབྱར་ཚ་གདུག་གི་དུས་སུ་སླེབས་སྐབས། “ནོར་བུ”དང“དགའ་དགའ”ཤ་ཤེད་རྒྱས་ནས་རྩིད་པའང་ཁམ་མདོག་ཏུ་གྱུར་བ་མཐོང་སྐབས། ཚང་མས་དེ་གཉིས་སྲུང་སྐྱོང་བའི་ལྟ་རྟོག་ལས་བྲལ་ཏེ་རང་རྐྱ་འཕེར་བའི་དུས་ལ་སླེབས་པ་ཤེས།
སྐྱེས་པ་དེ་དག་གི་བསམ་ཡུལ་ལས་འདས་པ་ནི། འོ་ཐག་གཅོད་པ་དེ་དུས་ཡུན་རིང་བའི་དམག་འཐབ་ཅིག་ཏུ་གྱུར་བ་སྟེ། དེ་རིང་ཕྱིར་གློད་ན་སང་ཉིན་ཚུར་ལོག་ཡོང་བ་དང་། ས་ཉིན་གློད་ཀྱང་གནངས་ཉིན་སླར་ཡང་ལོག་ཡོང་གི་ཡོད།
རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཡིན་པའི་ངོས་ནས། འབྲོང་དེ་ཉིད་ནི་མི་མེད་ལུང་སྟོང་ཁུལ་གྱི་སྐྱེ་ཁམས་འཁོར་འབྲེལ་ནང་གི་འགག་རྩའི་དངོས་རིགས་ཤིག་རེད། འབྲོང་ཕྲུག་དེ་གཉིས་གང་མགྱོགས་ཕྱི་རོལ་དུ་རང་རྐྱ་འཕེར་ཐུབ་ཆེད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བས་མིས་འོ་མ་སྟེར་བའི་ཐེངས་གྲངས་དེ་ཉིན་རེར་ཐེངས་གསུམ་དང་གཉིས་ནས་ཉིན་རེར་ཐེངས་གཅིག་བར་ཉུང་དུ་བཏང་ཡོད། ཀརྨ་འཕྲིན་ལས་ཀྱིས“ང་ཚོས་འབྲོང་ཕྲུག་དེ་གཉིས་ཐག་རིང་ཙམ་གྱི་རི་ལྡེབས་སུ་རྩྭ་ཟ་བར་ཁྲིད་ཀྱི་ཡོད་ལ། འོ་མའི་ནང་ཆུ་བསྲེས་ཏེ་འོ་ཐག་ག་ལེར་གཅོད་ཐབས་བྱས་པ་ཡིན”ཞེས་བརྗོད།
འོན་ཏེ་འབྲོང་ཕྲུག་དེ་གཉིས་དུས་ཡུན་རིང་པོ་མི་དང་གཤིབ་པས་མི་ལ་བརྟེན་པའི་གོམས་གཤིས་འཇགས་ནས། ཕྱིར་གློད་རུང་སོ་སོས་དོ་དམ་ས་ཚིགས་ཀྱི་སྒོ་འགྲམ་དུ་འོ་མ་འཚོལ་བར་ཡོང་གི་ཡོད།
དང་ཐོག་སྐྱོབ་སྐབས་འོ་མ་ཡང་འཐུང་མི་ཤེས་པར་འཇིབ་རུ་བཙན་ཤེད་ཀྱིས་ཁ་ལ་བླུགས་པ་ནས་ད་ཆ་འོ་མ་གཅོད་རན་ཡང་གཅོད་དཀའ་བའི་བར། བུ་ཆུང་བྱ་ཐབས་བྲལ་ནས་གད་མོ་དགོད་པ་དང་ལག་པ་འཕུར་འཕུར་གཏོང་གིན“ད་ཆ་འབྲོང་ཕྲུག་ཆེན་པོ་ཆགས་པས། འོ་མ་སྟེར་སྐབས་ང་ཚོ་ཡང་ཁོང་ཚོའི་ཤུགས་ཀྱིས་འགྱེལ་གྲབས་བྱེད་ཀྱི་འདུག ད་སེམས་ཐག་ཆོད་པོས་ཕྱིར་མ་གློད་ན་འབྲོང་ཕྲུག་དེ་གཉིས་ནམ་ཡང་ཁྱུ་ཚོགས་ཁྲོད་དུ་ལོག་ཐུབ་ཀྱི་མ་རེད”ཅེས་བརྗོད།
རྒྱང་རིང་གི་གངས་རིའི་འདབས་སུ། འབྲོང་ཁྱུ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་མདུན་སྐྱོད་བྱེད་བཞིན་ཡོད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཞིག་གིས། ཁྱུ་ཚོགས་ཁྲོད་གཅིག་བྱས་ན་ནོར་བུ་དང་དགའ་དགའ་གཉིས་ཡོད་ཀྱི་རེད། ཁོ་ཚོའི་ཁྱིམ་ངོ་མ་དེ་རེད་ཅེས་བརྗོད།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།