དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “མཚོ་སྔོན་གྱི་འཐེན་ཐུག”ཞེས་པར་མིང་བསྒྱུར་རྗེས་དགའ་བསུ་ལྷག་པར་འཐོབ་རྒྱུའི་རེ་སྒུག་བྱེད།

    ཅང་མོང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-25

    ཉེ་ཆར། རྒྱུན་དུ་འཐེན་ཐུག་འཐུང་མཁན་མི་ཉུང་བ་ཞིག་གིས་ཁྲོམ་གཞུང་ཟུར་གྱི་ལོ་མང་རིང་བཏུངས་པའི“ལན་ཀྲོའུ་ཡི་འཐེན་ཐུག”དེ“མཚོ་སྔོན་གྱི་འཐེན་ཐུག”ཅེས་སྒོ་བྱང་གསར་པ་བརྗེས་ཡོད་པ་མཐོང་། ཐེན་ཅིན་གྱི་འཐེན་ཐུག་ཟ་ཁང་མང་པོས་ལོ་མང་སྤྱད་པའི་སྒོ་བྱང་རྙིང་པ་མཉམ་དུ་བརྗེས་པ་དང་དེ་བཞིན་ཅང་སུའུ་དང་ཀོང་ཏུང་སོགས་ཀྱིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་དེའི་རྗེས་སུ་འབྲངས་ཡོད། སྒོ་བྱང་བརྗེས་པས་ཁ་ཅིག་གི་བློ་ཡུལ་ལས་འདས་པ་དང་། ཁ་ཅིག་གིས་བསམ་ཤེས་ཐུབ་ཀྱི་ཡོད། ཡང་ཁ་ཅིག་གིས་མིང་བརྗེས་པའི་དབང་གིས་བྲོ་བ་འགྱུར་བར་སེམས་ཁྲལ་བྱེད་པ་བཅས་གླེང་མོལ་འཁྲུག་པོ་བྱུང་ཡོད།

    སྒོ་བྱང་ཡག་པོ་ཞིག་ཡར་བརྗེ་མར་བརྗེ་བྱེད་དོན་ག་རེ་ཡོད་ཅེས་འདྲི་མཁན་ཡོད་མོད། ཐོན་ལས་གོང་འཕེལ་སོང་བ་དང་ཆབས་ཅིག་གནད་དོན་ཡང་ཐོན་ཡོད་དེ། ཐོན་ལས་ཤིག་གི་གཞི་ཁྱོན་སྒོར་དུང་ཕྱུར་བརྒྱ་ཟིན་ཡང་རང་ཉིད་ལ་དབང་བའི་སྤུས་རྟགས་མེད་ན། སྤུས་རྟགས་ཀྱི་ཕན་འབྲས་ཀྱང་རང་ཉིད་ལ་རག་མི་སྲིད། “མིང་བྱང་དག་སེལ”ངེས་པར་བྱེད་དགོས་པའི་མཚམས་སུ། མུ་མཐུད་དུ་རབ་རིབ་བྱས་ནས་སྡོད་པ་ལས་གོ་སྐབས་དམ་འཛིན་གྱིས་རང་ཉིད་ཀྱི་དར་ཆ་སྒྲེང་བར་འབད་བརྩོན་བྱས་ན་དགའ།

    སྒོ་བྱང་བརྗེ་བ་ནི་འབྲས་བུ་ཙམ་རེད། དོན་དངོས་སུ་འབད་བརྩོན་དེ་གོང་ནས་བྱས་ཡོད། 2023ལོར་མཚོ་སྔོན་གྱིས《མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཏོན་ནས“ཟ་ཁང་གསུམ་གཅིག་སྒྲིལ”གྱི་བྱེད་སྟངས་ཁྱབ་གདལ་བཏང་སྟེ“མཚོ་སྔོན་གྱི་འཐེན་ཐུག”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ལ་ཐོ་འགོད་བྱས་ཤིང་། འཐེན་ཐུག་གཉེར་སྐྱོང་ཟ་ཁང་དང་། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་ཁང་། མཛེས་པའི་མཚོ་སྔོན་དྲིལ་བསྒྲགས་ཚོང་ཁང་བཅས་གཅིག་ཏུ་འདུས་ཡོད། འགྲུལ་པས་ཟ་ཁང་དུ་ཡོང་ནས་ཐུག་པ་བཏུང་བ་མ་ཟད། ད་དུང་ཚགས་ཤ་དང་། ནས་ཀྱི་ཏན་ཞིམ། ཡ་རྫིའི་སུར་པན་སོགས་མཚོ་སྔོན་གྱི་ཁྱད་ཐོན་དངོས་རྫས་ཀྱང་ཉོ་ཐུབ་ཀྱི་ཡོད། 《མཚོ་སྔོན་གྱི་འཐེན་ཐུག་གི་སྤུས་ཚད་ཕྱོགས་སྟོན》དང《མཚོ་སྔོན་གྱི་འཐེན་ཐུག་ས་ཁོངས་ཀྱི་སྤུས་རྟགས་སྐྱེད་སྲིང་དང་འཛུགས་སྐྱོང་གི་ཕྱོགས་སྟོན》སོགས་ས་གནས་ཀྱི་ཚད་གཞི་གཅིག་རྗེས་གཉིས་མཐུད་ངང་ཁྱབ་བསྒྲགས་བྱས་ཤིང་། ཁུ་བ་ནི་རུས་པ་གང་ཞིག་སྤྱད་ནས་སྐོལ་བ་དང་། སུར་པན་སྣུམ་ནི་སྣ་ཁ་གང་ཞིག་གིས་བཙོ་སྦྱང་བྱེད་པ། སྤུས་རྟགས་ཇི་ལྟར་བཟོ་བ་དང་དོ་དམ་ཇི་ལྟར་བྱེད་པ་བཅས་ཀྱི་བར་དུ་ཚད་གཞི་ཁ་གསལ་བཟོས་ཡོད། དེ་ཡང་ཐུག་པ་ཕོར་པ་གང་གིས་བཟའ་བཏུང་དང་། ཞིང་ལས། རིག་གནས་ཡུལ་སྐོར་བཅས་ཐོན་ལས་གསུམ་ཟུང་འབྲེལ་གང་ལེགས་བྱས་པ་རེད།

    དེ་དང་ཆབས་ཅིག ཐུག་པ་དེའི“མིང་བྱང་དག་སེལ”བྱེད་པའི་རྒྱབ་ཏུ་ད་དུང་ཐོན་ལས་འཕེལ་རྒྱས་ཀྱི་དམིགས་ཚད་དེ་བས་ཆེ་བ་ཡོད། 2025ལོའི་ཟླ་2པར། མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས“མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”ཞེས་པ་བཏོན་པ་དེའི་ནང་བཟའ་བཅའི་རྒྱུ་ཆ་མཁོ་སྤྲོད་དང་། ཁྱད་ལྡན་བཟའ་བཏུང་། དྲ་ཐོག་ཕྱིར་འཚོང་སོགས་ཚུད་ཅིང་། ནོར་ལུག་དང་། ནས། ལི་གྲོ། མདོ་ལའི་སེར་ཤ་སོགས་ས་མཐོའི་སྤུས་ལེགས་བཟའ་བཅའི་རྒྱུ་ཆ་ལས་ཐོན་ལས་ཀྱི་དཔེ་རིས་ཆ་ཚང་ཞིག་གྲུབ་ཡོད། “མཚོ་སྔོན་གྱི་འཐེན་ཐུག”ནི་ཐོན་ལས་དཔེ་རིས་དེའི་ཐོག་གི་མངོན་གསལ་དོད་པའི་འཇུག་སྒོ་ཞིག་ཡིན་པས་སྒོ་བྱང་བརྗེ་བ་ཙམ་མ་ཟད། ལྷག་པར་དུ་ཐུག་པ་ཕོར་པ་གང་ལ་བརྟེན་ནས་མཚོ་སྔོན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་དེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་དུ་ཁྱབ་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།

    ལོ་40ཙམ་གྱི་གོང་། མཚོ་སྔོན་པས་ཐུག་པ་ཕོར་པ་གང་ལ་བརྟེན་ནས་རི་ཁུལ་ནས་གཞན་ཡུལ་དུ་ལས་ལ་གཞོལ་འགོ་ཚུགས་ཤིང་། ད་ཆ་ཐུག་པ་དེ་ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་ནང་མཉམ་འདྲེས་བྱེད་བཞིན་ཡོད་པས། ས་མཐོའི་གདོད་མའི་རྣམ་པའི་སྐྱེ་ཁམས་བཟའ་བཅའི་རྒྱུ་ཆ་དང་མི་རིགས་མང་པོའི་རིག་གནས་ཀྱི་རྨང་གཞི་བརྒྱུད་ནས་རྒྱང་ཐག་དེ་བས་རིང་ལ་དེ་བས་ལེགས་པའི་སྒོ་ནས་གཞན་ཡུལ་དུ་དགའ་བསུ་འཐོབ་པའི་རེ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།