དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ།

    2025ལོའི་ལོ་མཇུག་ཏུ་བོད་ལྗོངས་ཀྱི་གཉེར་སྐྱོང་བྱེད་པོ་ཐེམ་དུད་ཁྲི་61.57ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-25

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོར་མཉམ་འདྲེས་དང་ཞབས་འདེགས་ཞུ་བའི་གནས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྲོམ་རའི་ཆོག་འཐུས་དང་། ལམ་ལུགས་འཛུགས་སྐྱོང་། ལྟ་འདོམས་ཁྲིམས་སྒྱུར་བཅས་ཕྱོགས་གསུམ་ཐད་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱིས་དྲང་སྙོམས་ཁོར་ཡུག་ཁྲོད་འཕེལ་རྒྱས་བཟང་པོ་ཡོང་བའི་འགན་ལེན་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་ཁེ་ལས་ཀྱིས“དྲ་གཅིག་ཀུན་སྒྲུབ”ཀྱི་རིམ་འཇུག་རིམ་སྤོར་བྱས་པས“ར་སྤྲོད་ཐེངས་གཅིག་ལས་བྱེད་མི་དགོས་པ་དང་། དྲ་གཅིག་ཀུན་སྒྲུབ་ཐུབ་པ། སྐར་ཁུང་གཅིག་ནས་ལེན་ཐུབ་པ། ཉིན་གཅིག་ལ་ཐག་གཅོད་ཐུབ་པ”བཅས་བྱུང་ཡོད། “ཕན་འབྲས་ཆེན་པོས་དོན་དག་གཅིག་སྒྲུབ་ཐུབ་པར”དམིགས་ནས་ཁེ་ལས་ཀྱི་ཆ་འཕྲིན་བརྗེ་སྒྱུར་དང་། ཁེ་ལས་ཀྱི་ཐོ་བསུབ་ཐོ་འགོད། ཁེ་ལས་ཀྱི་གནས་སྤོ་ཐོ་འགོད། ཁེར་རྐྱང་བཟོ་ཚོང་ཐེམ་དུད་ཁེ་ལས་ལ་ཕྱོགས་སྒྱུར། བཟའ་བཏུང་ཁང་འཛུགས་པ་བཅས་ཀྱི་དོན་དག་གཅིག་ཕན་འབྲས་མཐོ་པོས་བསྒྲུབ་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། 2021ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་ཁྲི་40.66ཟིན་པ་དང་2025ལོའི་ལོ་མཇུག་ཏུ་ཁྲི་61.57ཟིན་པས་ལོ་བཞིར་ཐེམ་དུད་ཁྲི་20.91དངོས་འཕར་བྱུང་ནས་51.43%འཕར་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་10.93%ཟིན་ཡོད་པ་རེད།

    དེ་དང་ཆབས་ཅིག བོད་རང་ལྗོངས་ཀྱིས་ཁྲོམ་རའི་ཞུགས་འཐུས་ཀྱི་བཀག་རྒྱ་གཙང་སེལ་དང་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་སྤེལ་ནས“སྲིད་ཇུས་འཆར་ཟིན་ཚན་པའི་རང་ངོས་ཀྱི་ཞིབ་བཤེར་དང་། མཉམ་ཞུགས་ཚོགས་འདུའི་ལྷན་འཛོམས་ཞིབ་བཤེར། ཕྱོགས་གསུམ་པའི་ཚོད་སྐོར། སྤྱི་ཚོགས་ཀྱི་ལྟ་སྐུལ”བཅས“ཕྱོགས་བཞི་གཞི་གཅིག”གི་ལམ་སྲོལ་བཙུགས་པས་ཁྲོམ་རའི་བཀག་རྒྱའི་གནད་དོན་གྱི་ཡིག་ཆའི་བསྡུར་ཚད་2021ལོའི་20%ནས་2024ལོའི་10%ཡས་མད་བར་ཆག་ཡོད། 2026ལོར《བོད་རང་སྐྱོང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་ཀྱི་སྲིད་འཛིན་ཆད་གཅོད་ཀྱི་ཁྲིམས་ཚད་གཅོད་དབང་གི་གོ་ཆོད་སྒྲིག་སྲོལ》དང《བོད་རང་སྐྱོང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་ཀྱི་སྲིད་འཛིན་ཆད་གཅོད་ཁྲིམས་ཚད་ཀྱི་ཚད་གཞི》བཟོས་ཏེ། སྲིད་འཛིན་ཁྲིམས་སྒྱུར་གྱི་རང་འདོད་རང་བཞིན་ཆུང་དུ་གཏོང་གང་ཐུབ་དང་སྲིད་འཛིན་ཁྲིམས་སྒྱུར་གྱི་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།