ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གིས་ཐབས་མང་མཉམ་སྤྱོད་ཀྱིས་དམངས་ཀྱི་སེམས་ཁྲལ་སྣ་ཚོགས་བསལ་བ།
ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་དུ་ད་ཆ་དེ་གའི་མང་ཚོགས་ལ་སེམས་ཁྲལ་ཆེ་བའི་གནད་དོན་འཕྲད་རུང་སྐྱིད་སྡུག་ཞུ་ས་ཡོད།
མི་རིང་བའི་གོང་། ལྷོ་བྲག་རྫོང་གི་ཡུལ་མི་བཀྲ་ཤིས(འགྱུར་མིང)ཀྱིས་རང་ཁྱིམ་གྱི་བ་ཚང་ཉམས་གསོ་བྱེད་སྐབས་གཟབ་གཟབ་མ་བྱས་པའི་དབང་གིས་ཁྱིམ་མཚེས་དོན་གྲུབ(འགྱུར་མིང)ཁྱིམ་གྱི་བ་ཚང་གི་གྱང་ལོག་པ་རེད། དོན་གྲུབ་ཀྱིས་དེ་མཐོང་མ་ཐག་སྐད་ཤུགས་ཆེན་པོས“འདི་ཁྱོད་ཀྱིས་རྐང་བཙུགས་ནས་བྱས་པ་མིན་ནམ”ཞེས་བཤད།
ཁོང་གཉིས་དབར་འཁྲུག་རྩོད་བྱུང་བ་མཐོང་སྐབས་གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་འཕྲལ་མར་དེ་གར་ཡོང་།
དེ་རྗེས་ལས་བྱེད་པ་ཚོས་ཡར་རྒྱུག་མང་རྒྱུག་གིས་བ་ཚང་ལམ་སེང་བཟོ་རོགས་བྱས་པས་ཁྱིམ་མཚེས་གཉིས་དབར་གྱི་འབྲེལ་བའང་སྔོན་ཆད་ལྟར་དུ་གྱུར། གནས་ཚུལ་དེ་ལྟ་བུ་ལྷོ་བྲག་རྫོང་དུ་ཐོན་མང་པོ་ཡོད།
ཆུ་མ་ཤོར་གོང་ནས་རགས་བརྒྱབ་པ།
ལྷོ་བྲག་རྫོང་གིས་སྤེལ་བའི་བྱ་ཐབས་ནི་ཏན་ཏིག་ཅིག་ཡིན་ཞིང་། རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་སྣེ་ཁྲིད་དེ་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། ཁྲིམས་འཛིན་ཅུས། སྤྱི་བདེ་ཅུས། ཡིག་བསྐུར་ཞུ་བཅར་ཅུས། མི་སྤྱི་ཅུས་སོགས་ཀྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱས། སྔོན་ཆད་མང་ཚོགས་དབར་རྩོད་གཞི་བྱུང་ཚེ་སྡེ་ཚན་ཁ་ཤས་དབར་ཕར་འགྲོ་ཚུར་འོང་བྱེད་དགོས་པ་དང་ད་ཆ་ཚོམས་ཆེན་གཅིག་ནས“གཅིག་འཐུས་རྣམ་པའི”བདག་སྤྲོད་བྱེད་ཀྱི་ཡོད།
དེ་བས་དོ་ཁུར་བྱེད་འོས་པ་ཞིག་ནི་ལྷོ་བྲག་རྫོང་གི་འདུམ་འགྲིག་ཁང་གི་ཞབས་ཞུ“གཤམ་དུ་སྤེལ་བའི”བྱ་ཐབས་དེ་རེད། ཆེད་བསྐོས་དྲ་མིག་པ་8དང་ཆེད་ལས་འདུམ་འགྲིག་པ་20ཡིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཟླ་རེར་ཉུང་མཐར་ཡང་ས་ཁོངས་ཧྲིལ་པོར་གྲལ་བཤེར་ཐེངས་གཉིས་བྱས་ནས་གཙོ་གནད་ས་ཁོངས་དང་། གཙོ་གནད་ཁུལ། གཙོ་གནད་མི་ཚོགས་བཅས་ལ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱེད་ཀྱི་ཡོད། ད་ལོ་ཚུན། ལྷོ་བྲག་རྫོང་གིས་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་56གྲལ་བཤེར་བྱས་པར་འདུམ་འགྲིག་ལམ་ལྷོངས་བྱུང་ཚད་98.2%ཟིན་ཡོད།
ལྷོ་བྲག་རྫོང་གི་གྲོང་ཚོ་མི་ཉུང་བ་ཞིག་ཏུ《དམངས་ཀྱི་གནས་ཚུལ་འཁོད་པའི་རྩིས་ཁྲ》རེ་ཡོད་པ་དེའི་ཐོག་ཁྱིམ་ཚང་གི་གནས་ཚུལ་ཚང་མ་བཀོད་ཡོད། རྩིས་ཁྲ་དེ་ནི“ནད་ཡམས་སྔོན་འགོག་དཔེ་རིས”ཤིག་དང་འདྲ་བར“གནས་ཚུལ་ཐོན་སྲིད་པའི”མངོན་མེད་རྐྱེན་ངན་རེ་རེ་བཞིན་ཐོ་འགོད་བྱས་ཡོད།
ལམ་སྲོལ་དེའི་ལྟེ་བའི་གཏན་ཚིགས་ནི་ཧ་ཅང་སྟབས་བདེ་བ་ཞིག་ཡིན་ཏེ། འགལ་ཟླ་ཆེ་རུ་ཕྱིན་རྗེས་གཞི་ནས་སེལ་བ་ལས་ཐོན་བཟོ་ཡོད་དུས་ནས་མེད་པ་བཟོས་ན་དགའ་བ་དེ་རེད།
མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་ནས་མང་ཚོགས་ཀྱི་སེམས་ནད་བསལ་བ།
གཞི་རིམ་དུ་འདུམ་འགྲིག་བྱེད་ཁག་ཤོས་ནི་བཅའ་ཁྲིམས་ཤོད་རྒྱུ་དེ་མིན་པར་དེ་ལས་ཁོང་ཚོའི་སེམས་ལ་ཟུག་པའི་སྐད་ཆ་ཤོད་རྒྱུ་དེ་རེད།
ལྷོ་བྲག་རྫོང་གི་འདུམ་འགྲིག་དཔུང་ཁག་གིས་ལས་སྒོའི་རྐང་འཛིན་པ་28ལས་གྲུབ་པའི་ཆེད་བསྐོས་འདུམ་འགྲིག་སྟོབས་ཤུགས་བསྡུ་ལེན་བྱས་པ་མ་ཟད། སླར་ཡང་གྲོང་ཚོ་ཁག་ནས་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ཤང་གི་འཇོན་ཐང་ཅན་བཅས་མི་16བདམས་ཏེ་ལས་འགན་གཅིག་ལྕོགས་འཁུར་མཁན་དཔུང་ཁག་ནང་བཅུག་པ་རེད། མི་དེ་དག་གིས་ཁྲིམས་ལུགས་ཤེས་ཀྱི་ཡོད་ལ་གནས་ལུགས་ཀྱང་ཤེས་ཀྱི་ཡོད། ཆེས་འགག་རྩ་ནི་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་ཤོད་ཤེས་པ་དེ་རེད།
2026ལོའི་ཟླ་3པར། ལྷོ་བྲག་རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་དྲ་མིག་པ་དང་ལས་རེས་མི་སྣ་སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་གྲལ་བཤེར་ཚོགས་ཆུང་བཙུགས་ཏེ་ཁོངས་གཏོགས་ཁུལ་དུ“གྲལ་བཤེར་གཉིས་དང་ཐག་གཅོད་གཉིས”ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ཞིང་། ཐེངས་ཞིག་གྲལ་བཤེར་བྱེད་རིང་། ལས་དོན་པས་སྒོར་ཁྲི་1.3དང་འབྲེལ་བ་ཡོད་པའི་མང་ཚོགས་ཀྱི་རེ་ཞུ་ཞིག་ཤེས་རྟོགས་བྱུང་སྟེ་ས་ཡུལ་དངོས་སུ་དེ་གཙོ་གནད་དོ་ཁུར་བྱ་ཡུལ་ནང་བཅུག་ནས་བརྒྱུད་བཤུག་སྒྲུབ་གཉེར་ལམ་སྲོལ་ལག་ལེན་བསྟར་འགོ་ཚུགས་པ་རེད།
འདུམ་འགྲིག་བྱས་པ་ཙམ་མ་ཟད་དོན་དག་ཚང་མར་ལན་ཡོད་པར་བྱས་པ།
འདུམ་འགྲིག་མཇུག་སྒྲིལ་བ་ནི་དོན་དག་མཇུག་སྒྲིལ་བ་ཞིག་མ་ཡིན་ཞིང་། ལྷོ་བྲག་རྫོང་གིས་ད་དུང་རྩོད་གཞི་ཐག་གཅོད་དང་། རྗེས་འདེད། བསྐྱར་འདྲི་བཅས་ཀྱི་གདུབ་ཟུམ་ལམ་སྲོལ་བཙུགས་ཏེ། ཐག་གཅོད་བྱས་ཟིན་པའི་གྱོད་གཞི་ཚང་མ་ཁ་པར་ནས་བསྐྱར་འདྲི་དང་། ས་ཡུལ་དངོས་སུ་བཅར་འདྲི། གྲོས་མཐུན་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བཅས་བྱས་པས“ཕྱིར་མིག་ལྟ་བའི”ལམ་སྲོལ་དེ་ལས་འགལ་ཟླ་བསྐྱར་དུ་མི་ཐོན་པ་བྱུང་ཡོད།
མིག་སྔའི་བར། ལྷོ་བྲག་གི་རྫོང་དང་ཤང་རིམ་གཉིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་རིམ་རྩིས་བརྒྱབ་ན་འགལ་ཟླ་དང་རྩོད་གཞི་ཁག་192བདག་སྤྲོད་བྱས་པའི་ནང་ནས་གྱོད་གཞི་ཁག་190བདེ་བླག་ངང་ཐག་གཅོད་བྱས་པས་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་98.95%ཟིན་ཏེ་མང་ཚོགས་1240ལྷག་ཙམ་ལ་ཕན་པ་ཐོབ་པ་དེ་མ་དངུལ་སྒོར་ཁྲི་3032.23དང་འབྲེལ་བ་ཡོད་པ་རེད།
2025ལོའི་ལོ་འཁོར་དུ་ལྷོ་བྲག་རྫོང་གིས་ཁྱོན་ཕུལ་བྱུང་འདུམ་འགྲིག་པ་2དཔྱད་འདེམས་བྱས་པ་དང་འབྲེལ་སྐར་གསུམ་རིམ་པ་དང་དེ་མན་གྱི་འདུམ་འགྲིག་པར་དམིགས་ནས་ལས་གནས་བརྗེ་རེས་ལེགས་སྒྲིག་དང་ཆེད་དོན་ལེགས་སྐྱོང་གིས་སྤུས་ལེགས་འདུམ་འགྲིག་སྟོབས་ཤུགས་ཁ་གསབ་དུས་མཚུངས་སུ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།