དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཇོ་མོ་གླང་མའི་འདབས་སུ་དམངས་ཡོངས་ལུས་སྦྱོང་གི་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-25

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ལུས་སྦྱོང་གི་དགོས་མཁོ་སྐོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ཆུ་ཚད་དེ་བས་མཐོ་བའི་དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུའི་མ་ལག་ཧུར་ཐག་བཏོད་ནས“བདེ་ཐང་གཞིས་རྩེ”སྐྲུན་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། གཞིས་རྩེ་གྲོང་ཁྱེར་ཆུ་རྐྱལ་ཁང་དང་རྒྱལ་རྩེ་རྫོང་རྟ་རྒྱུག་ཐང་གི་རྣམ་གྲངས་གལ་ཆེན་གཉིས་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད། རིམ་རྩིས་བརྒྱབ་ན་ལུས་རྩལ་ཁྱབ་ཁོངས་སུ་རྣམ་གྲངས་184དོན་འཁྱོལ་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་44893.69བཏང་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བའི་འདུ་འགོད་98ལ་ཆོག་མཆན་ཐོབ་པའི་ནང་དམངས་ཡོངས་ཀྱི་ལུས་སྦྱོང་རྐང་ལམ་རྣམ་གྲངས་2དང་། རྫོང་རིམ་པའི་ལུས་རྩལ་སྤྱི་གླིང་རྣམ་གྲངས་6 མི་ལྔའི་རྐང་རྩེད་སྤོ་ལོའི་ཐང་གི་རྣམ་གྲངས་12 ཤང་དང་གྲོང་རྡལ་གྱི་ནུས་མང་ལུས་སྦྱོང་བྱེད་སྒོའི་ཐང་ཆེན་རྣམ་གྲངས་12 སྤྱི་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་ཐང་གི་རྣམ་གྲངས་14བཅས་ཚང་མ་སྤྱོད་འགོ་ཚུགས་ཡོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་པའི་ལུས་རྩལ་ཁང་དང་སློབ་གྲྭའི་ལུས་རྩལ་ཁང་སྤྱི་ཚོགས་ལ་སྒོ་མོ་འབྱེད་པར་ཤུགས་སྣོན་བརྒྱབ་ནས་སྤྱི་པའི་ལུས་རྩལ་ཁང་དང་སྒྲིག་བཀོད་གཟའ་འཁོར་རེར་རིན་མེད་ངང་སྒོ་ཕྱེ་བའི་དུས་ཚོད་ཆུ་ཚོད་35ལས་མི་ཉུང་བ་བྱེད་པ་དང་། ལོ་ཧྲིལ་པོར་རིན་མེད་དམ་ཡང་ན་རིན་པ་དམའ་བའི་ངང་ནས་སྒོ་ཕྱེ་བའི་དུས་ཚོད་ཉིན་330ལས་མི་ཉུང་བ་བྱེད་པ། ངལ་གསོའི་ཉིན་མོ་དང་། རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་གུང་གསེང་། སློབ་གྲྭའི་དགུན་གསེང་དང་དབྱར་གསེང་རིང་ཉིན་ལྟར་རིན་མེད་ངང་སྒོ་ཕྱེ་བའི་དུས་ཚོད་ཆུ་ཚོད་8ལས་མི་ཉུང་བ་བྱེད་པ། དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོར་སྤྱི་ཚོགས་ལ་རིན་མེད་ངང་ཕྱོགས་ཡོངས་ནས་སྒོ་ཕྱེ་ཡི་ཡོད་པ་རེད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི་མི་རེར་ཆ་སྙོམས་ལུས་རྩལ་ཐང་སྤྱོད་པའི་རྒྱ་ཁྱོན་སྨི་ངོས་གྲུ་2.43ཟིན་གྱི་ཡོད།

    2023ལོའི་ཟླ་8ཚེས་8ཉིན་གྱི“དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ”དང“སྤང་རྒྱན་མེ་ཏོག་བུམ་པའི”མི་རིགས་ལུས་སྦྱོང་འགྲན་བསྡུར་ཆེ་མོ་སྐབས་ལྔ་པ་དེ་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་བསམ་བཀོད་ཐོན་ལས་གླིང་གི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་ལྟེ་གནས་སུ་གཉེར་བ་དང་། འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་ཁག་གིས་མཚར་སྡུག་ལྡན་པའི་མི་རིགས་ཀྱི་རྒྱན་གོས་གྱོན་ཞིང་སྟངས་སྟབས་མཛེས་པའི་ཞབས་བྲོ་འཁྲབ་ནས་དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་སྤྲོ་སྣང་དང་གསོན་ཤུགས་མཚོན་པར་བྱས་ཡོད།

    ལུས་རྩལ་གྱི་སྤྱི་ཚོགས་རྩ་འཛུགས་ནི་དམངས་ཡོངས་ཀྱི་ལུས་རྩལ་གསོན་ཤུགས་འཕེལ་བར་བྱེད་པའི“ཁྲག་རྩ་ཕྲ་མོ”ལྟ་བུ་རེད་ལ་ལུས་རྩལ་གྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་འགག་རྩའི་སྟོབས་ཤུགས་ཤིག་དེ་བས་ཀྱང་རེད། གཞིས་རྩེ་གྲོང་ཁྱེར་གྱིས་བཙུགས་པའི་རྐང་རྩེད་སྤོ་ལོ་དང་། རྐང་འཁོར། ཕིང་ཕང་སྤོ་ལོ། སྒྲོམ་སྟེགས་སྤོ་ལོ་བཅས་ཀྱི་མཐུན་ཚོགས་རྐྱང་པ་4ཡིས་འགན་ནུས་ཧུར་ཐག་འདོན་བཞིན་ཡོད་ཅིང་། འགྲན་བསྡུར་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱེད་པར་བརྟེན་ནས་རྒྱ་ཆེའི་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོར་སྤེལ་རེས་དང་ཤེད་རྩལ་ངོམ་པའི་ལས་སྟེགས་བཏོད་དེ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་གཏིང་ཟབ་སྤེལ་བར་སྔར་བས་སྐུལ་འདེད་བཏང་ཡོད།

    སྤུས་རྟགས་ཀྱི་འགྲན་བསྡུར་ལས་གཞིས་རྩེའི་སྙན་གྲགས་རྒྱལ་ཡོངས་དང་འཛམ་གླིང་ཕྱོགས་སུ་ཁྱབ་ཡོད། ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བཞི་པ་དང་། ལྔ་པ། དྲུག་པ་བཅས་ཀྱི་གཞིས་རྩེའི་དུམ་བུའི་ལས་དོན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་རེད། འགྲན་བསྡུར་ནང་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་རྐང་འཁོར་རུ་ཁག་དང་བདམས་ཐོན་པ་མང་པོས་གཞིས་རྩེའི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དྲིལ་བསྒྲགས་ཤུགས་ཆེན་བྱས་པས་ཕྱི་རོལ་ལུས་རྩལ་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་ཡོད། གཞན་ཡང“མདའ་རྩལ་གྱིས་ཕྱུག་པའི་ཀྲུང་ཧྭ”ཞེས་པའི་དམངས་ཡོངས་ཀྱི་ལུས་སྦྱོང་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་སྐབས་བཞི་པ་དང་། བསམ་གྲུབ་རྩེ་ཆུས་ཀྱི་རྟ་རྒྱུག་བྱེད་སྒོ པ་སྣམ་རྫོང་བཀྲ་ཤར་ཤང་གི་གཡག་རྩེད་རིག་གནས་བྱེད་སྒོ་སོགས་ཀྱི་སྤུས་རྟགས་བྱེད་སྒོས་མང་ཚོགས་ཀྱི་རིག་གནས་དང་ལུས་རྩལ་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། གཞིས་རྩེའི་མི་རིགས་རིག་གནས་དང་ས་ཁོངས་ཀྱི་ཁྱད་ཆོས་ཀྱང་མངོན་པར་བྱས་ཡོད།

    དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་དར་སྲོལ་ཞིག་ཆགས་པ་དང་། འགྲན་བསྡུར་གྱི་བྱེད་སྒོ་ངོ་མཚར་ཆེ་བ། རྩལ་འགྲན་གྱི་ཤེས་ལྡན་པའི་ནུས་རྩལ་འཇོན་ཐང་ཐོག་མར་ངོམ་འགོ་ཚུགས་པ་སོགས་ལུས་རྩལ་གྱི་སྟོབས་ཤུགས་གྲོང་ཁྱེར་དེའི་འཕེལ་རྒྱས་ཀྱི་ཁྲག་རྒྱུན་ནང་ཡོངས་སུ་འདྲེས་ཡོད།

    འགོ་འཛུགས་ས་གསར་པའི་ཐོག་གཞིས་རྩེ་གྲོང་ཁྱེར་གྱིས་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་འགྱུར་ཐོག་ནས་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་ལས་ཀ་བྱེད་སྟངས་གསར་གཏོད་བྱས་ཏེ། དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་ལུས་རྩལ་སྟོབས་ཆེན་གྲོང་ཁྱེར་གྱི་དམིགས་ཚད་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཏེ་དུས་རབས་གསར་པའི་ལུས་རྩལ་བྱ་གཞག་གི་ངོ་མཚར་ཆེ་བའི་རྒྱུགས་ལན་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།