དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཐའ་མཚམས་གྲོང་གསར་དུ་སྐལ་བཟང་མེ་ཏོག་རབ་ཏུ་བཞད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  པེན་མིན་ཏེ། ཡོན་ཆོན། ཞུས་ཡུས་ཡའོ།   |     སྤེལ་དུས།  2026-08-25

    བགྲང་བྱ་བཅུ་གྲངས་འཚོ་བ་སྐྱེལ་མྱོང་བའི་ཕ་ཡུལ་དུ་སླར་ཡང་ལོག་སྐབས་ལོ་55ལ་སླེབས་པའི་ཚེ་རིང་སྒྲོལ་དཀར་ལ་མ་གོམས་པའི་སྣང་བ་བྱུང་།

    ལོ་6གི་གོང་ནང་མི་ཚང་མ་ས་བབ་སྨི་4500ལྷག་ཙམ་ཡོད་པའི་བོད་ལྗོངས་གྲོ་མོ་རྫོང་དུད་སྣ་ཤང་གི་འབྲོག་ཁུལ་ནས་ཧྲང་ཧའེ་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་ས་བབ་སྨི་2000ལྷག་ཙམ་ཟིན་པའི་མཐའ་མཚམས་གྲོང་གསར་བང་མདའ་གྲོང་ཚོར་སྤོས། དེ་གར་རི་ཀླུང་སྔོ་ལྗང་གོས་ཀྱིས་བརྒྱན་ཞིང་ཆུ་མོ་དྭངས་ཤིང་གཙང་བས་འབྲོག་ཁུལ་དང་ཁྱད་པར་ཆེན་པོ་ཡོད།

    ལྕི་བས་བུད་ཤིང་བྱས་ཏེ་ལྟོ་ཆས་བཟོ་མི་དགོས་པ་དང་། ལོ་མང་ས་མཐོའི་ནད་ཀྱིས་མནར་བ་ཡང་རིམ་བཞིན་དྲག་སྐྱེད་འགྲོ་བཞིན་ཡོད་པས་ཚེ་རིང་སྒྲོལ་དཀར་གྱི་ངོ་གདོང་ལས་འཛུམ་མདངས་ངང་གིས་འཕྱུར་འོང་། “ཁང་པ་གསར་པར་སྤོས་པ་དང་རླངས་འཁོར་གསར་པ་ཉོ་རྒྱུ་བྱུང་བ་དེ་ནི་སྔོན་ཆད་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”

    “འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེཌ་སུ་བཏང་སྟེ། རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཞན་ཆ་གང་མགྱོཌ་སེལ་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་དོན་དེ་བང་མདའ་གྲོང་ཚོར་ལག་བསྟར་དོན་འཁྱོལ་ཐུབ་ཡོད།

    ལག་ལེན་དེའི་ནང་ཡུལ་བབ་དང་བསྟུན་ནས་ལས་རྣམ་གསར་པ་དར་རྒྱས་གཏོང་བའི་འཚོལ་ཞིབ་ཀྱི་ལམ་བུ་ཡོད།

    སྔོ་ཚལ་དྲོད་ཁང་ཆེན་པོའི་ནང་འབྲུག་རྒྱས་སྔོ་ཚལ་གྱི་སྐྱེ་འཚར་ལ་ལྟ་བཞིན་འདུག དེ་སྔོན་འབྲོག་ཁུལ་དུ་སྡོད་སྐབས་ཁོ་པས་སྔོ་ཚལ་འདེབས་འཛུགས་ལ་ཆ་རྒྱུས་གཏན་ནས་མེད། གྲོང་ཚོར་སྤོས་རྗེས་གྲོང་ཚོས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་ཞིང་། ལག་རྩལ་མི་སྣས་ལྗང་གསོ་དང་། ལུས་སྦྱོར། ནད་དང་གནོད་འབུ་འགོག་བཅོས་བཅས་་དམར་ཁྲིད་བྱས་ཡོད། འབྲུག་རྒྱས་ཉིན་གང་དྲོད་ཁང་དུ་སྡོད་པ་དང་། ལག་ཏུ་ཟིན་བྲིས་དེབ་ཆུང་ཆུང་ཞིག་ཐོགས་ཏེ“ཐོན་འབབ་གང་འདྲ་ཡོད་མེད་དང་དོགས་གནད་གང་ཡོད་མེད་གསལ་པོར་འགོད་ཀྱི་ཡོད”ད་ཆ་ཁོང་ནི་བང་མདའ་གྲོང་ཚོའི་སྔོ་ཚལ་མཉམ་ལས་ཁང་གི་འགན་འཁུར་བ་ཡིན་པ་དང་། ཡུལ་མི་ཚོས་ཁོང་ལ་རྒན་འབྲུག་རྒྱས་ལགས་ཞེས་འབོད་ཀྱི་ཡོད།

    བང་མདའ་གྲོང་ཚོའི་བེད་སྤྱོད་ཆོག་པའི་ས་ཆ་ཉུང་བས་ཐོན་ལས་འཕེལ་རྒྱས་ལ་ཚད་བཀག་ཐེབས་ཡོད། རྫོང་དང་ཤང་རིམ་གཉིས་ཏང་ཨུད་དང་སྲིད་གཞུང་གིས་ཧྲང་ཧའེ་བོད་སྐྱོར་ལས་དོན་ཚོགས་ཆུང་གི་རྒྱབ་སྐྱོར་འོག བང་མདའ་གྲོང་ཚོས་ཤང་གྲོང་དང་ཐག་ཉེ་བའི་བེད་མེད་ཐོན་ཁུངས་སྤྱད་དེ། སྔོ་ཚལ་དྲོད་ཁང་62བརྒྱབ་ནས“ས་གྲོལ་དཔལ་འབྱོར”གཉེར་སྐྱོང་བྱས་ཡོད། མིག་སྔར་སྔོ་ཚལ་མཉམ་ལས་ཁང་གི་ཐོན་འབབ་མཐོ་རུ་བརྟན་པོ་འགྲོ་བཞིན་ཡོད་པ་དང་སྔོ་ཚལ་གྱི་སྣ་ཁ་20ལྷག་ཙམ་ཟིན་གྱི་ཡོད།

    ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་འགོ་ཚུགས་པ།

    ཐོག་མར་ཉམས་མྱོང་ཞན་པའི་དབང་གིས་གདེང་ཚོད་མེད་སྟབས་ཡུལ་མི་ཚོས་ཐེ་ཚོམ་ཆེན་པོ་བྱེད་ཀྱི་ཡོད། དེས་ན་ཏང་ཡོན་ལས་བྱེད་པས་ཁྱིམ་ཚང་མི་རེ་ངོ་རེར་བསམ་བློའི་སློབ་གསོ་གཏོང་འགོ་བཙུགས།

    “དམངས་སྲོལ་གནས་ཚང་གི་ཚོང་བསམ་ཚོད་ལས་འདས་པའི་ཡག་པ་འདུག”ཡུལ་སྐོར་དུས་ཚིགས་དབང་གིས་ཚོང་བརྟན་པོ་མེད་ཀྱང་ཚེ་རིང་སྒྲོལ་དཀར་གྱིས་མུ་མཐུད་གཉེར་སྐྱོང་བྱས་ཡོད། མིག་སྔར་བང་མདའ་གྲོང་ཚོར་གསོལ་མགྲོན་ཁང་1དང་དམངས་སྲོལ་གནས་ཚང་7ཙམ་ཡོད། ད་དུང་དམངས་སྲོལ་གནས་ཚང་9སྒྱུར་བཀོད་རིམ་སྤོར་བྱེད་སྒང་རེད།

    རི་མོར་མཁས་པའི་བསོད་ནམས་ཚེ་རིང་གིས་རིག་གནས་བསམ་བཀོད་ཁང་བཙུགས་ནས། ཡུལ་མི་20ལྷག་ཙམ་གྱི་སྣེ་ཁྲིད་དེ་འཚེམ་དྲུབ་བཏགས་པ་མ་ཟད། ད་དུང་བང་མདའ་གྲོང་ཚོའི་ཡིད་འོང་རི་ཀླུང་གི་རྣམ་པ་རྡོ་ལེབ་ངོས་སུ་འབྲི་བཞིན་ཡོད། “རྡོ་ལེབ་དེ་དག་ནི་ནགས་གསེབ་ནས་སྒྲུག་པ་ཤ་སྟག་རེད”

    ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཉོས་པ་དང་། སྔོན་མངག་གི་བྱ་རིམ་ཆུང་ངུ་གསར་སྤེལ་བྱས་པ། ཡུལ་སྐོར་ལམ་ཐིག་འཆར་འགོད་བཅས་བྱས་ཡོད། 2025ལོར་བང་མདའ་གྲོང་ཚོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་1.95ཙམ་ཟིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་94ཙམ་བྱུང་ཡོད། ད་ལོའི་ཟླ་བདུན་པའི་ཟླ་མཇུག་བར་ཡུལ་སྐོར་བ་མི་ཐེངས་ཁྲི་1.6ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། བང་མདའ་གྲོང་ཚོས“གྲལ་བཤེར་དང་། དབྱེ་ཞིབ། གྲོས་མོལ། ཐག་གཅོད། ལྟ་སྐུལ། བཅོས་སྐྱོང”བཅས་ཀྱི་གོམ་སྟབས་དྲུག་གི་ལས་ཀའི་བྱ་ཐབས་འཚོལ་ཞིབ་བྱས་ཏེ། སྔོན་ལ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། དེ་རྗེས་རྒྱུ་རྐྱེན་དབྱེ་ཞིབ། གྲོས་མོལ། ཞིབ་འཇུག་བརྡར་གཅོད་བཅས་བྱས་ནས། ཐག་གཅོད་ཇུས་གཞི་གཏན་འཁེལ་བྱས་རྗེས་དོན་འཁྱོལ་ལ་ལྟ་སྐུལ་བྱས་ཏེ་རྩ་བའི་ཐོག་ནས་དཀའ་གནད་སེལ་གང་ཐུབ་བྱས་པ་རེད།

    ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་པ་དང་གྲོ་མོ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཅན་ཀྲི་ཝུའེ་ཡིས། རྩ་འཛུགས་དང་ཏང་ཡོན་གྱིས་སྣེ་ཁྲིད་དེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད།

    ཡུལ་མི་ཕུར་བུ་བཀྲ་ཤིས་ཀྱི་སྒོ་ར་ཆེན་པོ་དེ་ཙམ་མེད་ཀྱང་གཙང་ཐིང་ཐིང་རེད་འདུག སྐུ་མགྲོན་ཡོང་སྐབས་ཁོ་པས་སེམས་རྩ་འཁོལ་པོས་སྣེ་ལེན་ཞུ་བཞིན་ཡོད། “དེ་སྔ་འབྲོག་ཁུལ་དུ་ས་ཕག་གི་ཁང་པའི་ནང་སྡོད་ཀྱི་ཡོད། དེ་དུས་འགྲོ་སའི་ལམ་དུ་འདམ་བག་གིས་ཁེངས་པ་དང་། འདི་གར་སྤོས་རྗེས་ཐོག་སོ་ཉིས་ལྡན་གྱི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ་མ་ཟད། ཁང་པ་དཀར་ཆ་དོད་ལ་དགུན་ཁ་ཡང་ཧ་ཅང་དྲོ་པོ་འདུག ད་དུང་གྲོང་ཚོར་སྣུམ་ནག་ལམ་ཡང་བཏིང་ཡོད། དེ་ཚོ་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་རང་རེད”

    བང་མདའ་གྲོང་ཚོ་གསར་དུ་བསྐྲུན་མ་ཐག་ཡིན་ནའང་དེ་ནི་རི་འདབས་སུ་ཁྲ་ལྷམ་མེར་བཞད་པའི་སྐལ་བཟང་མེ་ཏོག་ཅིག་དང་འདྲ་བར་སྲིད་ཇུས་བཟང་པོའི་གཟི་འོད་འོག་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

    “ལམ་སྒྲོན་མང་དུ་གཏོང་བ་དང་། རིག་གནས་ཐང་ཆེན་གསར་དུ་བསྐྲུན་པ། རླངས་འཁོར་འཇོག་ས་རྒྱ་ཆེར་གཏོང་བ་བཅས་བྱས་རྗེས་ཕྱིས་སུ་ལས་ཀ་དེ་བས་མང་བ་སྒྲུབ་དགོས་ཀྱི་ཡོད”ཧྲེན་མིན་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་པའི་འབྲེལ་གཏུག་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པ་དང་། ད་ཆ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པའི་འགན་འཁུར་བཞིན་ཡོད། “ཁག་དགུ་པའི་བོད་སྐྱོར་ལས་བྱེད་པས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་ནས་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པས་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་བའི་བར་དང་། དེ་ནས་ཁག་བཅུ་གཅིག་པའི་བོད་སྐྱོར་ལས་བྱེད་པས་བཅོས་སྐྱོང་གསར་གཏོད་དང་བྱེད་སྟངས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བར་ང་ཚོས་ས་གནས་དེ་གའི་ཏང་ཡོན་ལས་བྱེད་པ་དང་མཉམ་དུ་སྙིང་རུས་གཏན་འཁྱོངས་དང་ཡང་འབད་བསྐྱར་འབད་བྱས་ཏེ་དར་རྒྱས་དང་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད”

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།