ཐོན་ཁུངས་ཐབས་མཁས་སྤྱད་པ་ཡིས། འཚོ་བ་གསར་པའི་སྐྱ་ནམ་རྒྱས།
མུ་ལ་མུ་ཁྱུད་ཀྱི་རི་བོའི་རྩེ་མོར་སྨུག་སྤྲིན་གྱི་དར་དཀར་འཐེན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ཁྱུང་རྒྱ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ། བོད་བཟོའི་ཤིང་ཁང་སྟར་པ་བསྒྲིགས་པོས་ལུང་ཤུར་མཛེས་པར་རྒྱན་ཞིང་། “སྤྲིན་སྟེང་གི་ཁྱུང་རྒྱ། ཅིན་ལིང་གི་རི་ཆུ”ཞེས་པའི་སྒར་སའི་རྟེན་གཞི་ཡིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་བསུ་སྐྱེལ་གྱི་ལས་ལ་བྲེལ།
དབྱར་དུས་ཀྱི་ཁྱུང་རྒྱ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་མཐའ་བཞི་ནགས་ཀྱིས་བསྐོར་ཞིང་། ཆུ་ཕྲན་ལྷུང་ལྷུང་དུ་བབས་པ་དང་མེ་ཏོག་ཚོམ་བུས་སྤང་ལ་ཕྲ་རྒྱན་བཏབ་པ་ལྟར་སྣང་བས་དབྱར་གྱི་ཚ་བ་བསིལ་བསིལ་རླུང་བུས་བརྡུང་བར་བྱེད་པའི་གནས། འདི་ནི་སྐུ་འབུམ་ཆུས་ཁྱུང་རྒྱ་བོད་རིགས་ཤང་ཡིན་པ་དང་། ནགས་ཚལ་ཁྱབ་ཚད་80%ཡན་ཟིན་པའི་ཁར་ས་བབ་མཐོ་དམའི་ཧེ་བག་ལས་སྐྱེ་དངོས་འདྲ་མིན་སྣ་ཚོགས་སྐྱེས་ནས་དུས་བཞིའི་ཡུལ་ལུང་ཁག་གི་ཡུལ་ལྗོངས་འདྲ་ཡི་མེད་ལ། མཚོ་བོད་ས་མཐོར་མཐོང་དཀོན་པའི“རང་བྱུང་གསོ་རླུང་གི་ཡུལ་ཁམས”ཤིག་ཀྱང་རེད།
གནས་མཆོག་འདིའི་སྐྱེ་ཁམས་ཡག་པོ་སྲུང་བས་རེ་ཞིག་ཕྱི་ཕྱོགས་དང་འབྲེལ་བ་བྱེད་དཀའ་བར་གྱུར། ཁྱུང་རྒྱ་ནི་སྐུ་འབུམ་ཆུས་ཀྱི་གྲོང་ཁུལ་དང་ཐག་རིང་ཤོས་ཀྱི་ཤང་གྲོང་ཞིག་ཡིན་ཞིང་། སྲིད་འཛིན་གྲོང་ཚོ་5ལ་མི་འབོར་2000ཡང་མེད་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་164ཙམ་ཡོད་ཀྱང་རྨོ་ཞིང་མུའུ་7658ལས་མེད། རི་མཐོ་ཞིང་ལམ་ཐག་རིང་བ་མ་ཟད། ཐོན་ལས་གཅིག་རྐྱང་ལས་མེད་པས། ཡུལ་མིས་ཕྱུགས་འཚོ་བ་དང་སོ་ནམ་ལས་ལ་བརྟེན་ནས་འཚོ་ཐབས་བྱེད་པ་དང་། གཞོན་དར་ཚོས་རྒན་རྒོན་དང་ཕྲུ་གུ་ཁྱིམ་དུ་བཞག་ནས་ཕྱིར་གླ་པ་རྒྱུག་པར་འགྲོ་རྒྱུ་ལས་མ་འདས།
འགྱུར་ལྡོག་ནི་སྤྱི་ལེ་2000ཙམ་གྱིས་ཆོད་པའི“ནན་ཅིང་དང་ཟི་ལིང་དབར་མཉམ་ལས་བྱས་པ”ལས་བྱུང་བ་རེད།
2016ལོར། ཤར་ནུབ་རྒྱུད་ཀྱི་མཉམ་ལས་ལམ་སྲོལ་ལ་བརྟེན་ནས་བསྡུས་མིང་གི་རྒྱ་ཡིག་སྒྲ“ཉིང”ཞེས་སུ་འབོད་པའི་ཅང་སུའུ་ནན་ཅིང་དང་མཚོ་སྔོན་ཟི་ལིང་གཉིས་དབར་མཉམ་ལས་ཀྱི་ལས་འབྲེལ་ཆགས་པ་རེད། ནན་ཅིང་ཤིས་ཞ་ཆུས་ཀྱིས་ཟི་ལིང་སྐུ་འབུམ་ཆུས་དང་ཆ་སྒྲིག་རོགས་ཟླ་བསྒྲིགས་ཏེ“ཤར་རྒྱུད་ཀྱི་ཉམས་མྱོང་ལས་ས་མཐོའི་ལེགས་ཆར་མཐུན་རྐྱེན་སྦྱོར་བའི”འདུ་ཤེས་ལ་བརྟེན་ནས་ས་མཐོའི་སྐྱེ་ཁམས་ཐོན་ཁུངས་དེ་ས་གནས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བར་སྐུལ་འདེད་བཏང་བ་རེད།
2023ལོར“སྤྲིན་སྟེང་གི་ཁྱུང་རྒྱ། ཅིན་ལིང་གི་རི་ཆུ”ཞེས་པའི་རྣམ་གྲངས་དུས་སྐབས་དང་བསྟུན་ནས་བསྐྲུན་པ་རེད། ལོ་གཉིས་ཙམ་གྱི་འཛུགས་སྐྲུན་བྱེད་རིང་། ནན་ཅིང་སྐྱེད་ཚལ་སྔོ་འགྱུར་ཇུས་འགོད་ཁང་དང་ཤར་ལྷོ་སློབ་ཆེན་སོགས་ཀྱི་རིགས་གཅིག་མཁས་ཅན་ཚོགས་པས་ཟི་ལིང་དང་མཉམ་དུ་ཇུས་འགོད་བྱས་ཏེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་། ལྡིང་ཁང་གི་ཇུས་འགོད་ལ་བརྟེན་ནས་རང་བྱུང་གི་ས་བྱད་སྲུང་སྐྱོང་བྱས་ཏེ་བོད་བཟོའི་ཤིང་ཁང་དང་། སྐར་ཚོགས་ཁང་པ། སྒར་ས་བཅས་རང་བྱུང་ཁམས་དང་མཉམ་འདྲེས་བྱས་ནས་ཡུལ་སྐོར་བ་མི་འདྲ་བའི་འགྲུལ་ཁང་གི་དགོས་མཁོ་བསྐངས་ཡོད། དེ་དང་ཆབས་ཅིག་ཅིན་ལིང་གསོལ་མགྲོན་ཁང་ཚོགས་པས་སྤྱི་ཁྱབ་ཅིང་ལི་དང་སྲིད་འཛིན་སྤྱི་ཁྱབ་མ་བྱན་སོགས་ཆེད་ལས་ཚོགས་པ་ཁྱུང་རྒྱ་ཤང་དུ་མངགས་ནས་རིག་གནས་ཡུལ་སྐོར་གཉེར་སྐྱོང་དང་། བཟའ་བཏུང་ཞབས་ཞུ། དམངས་སྲོལ་གནས་ཚང་དོ་དམ་སོགས་བྱང་ཆུབ་པའི་ཉམས་མྱོང་བརྒྱུད་སྤྲོད་བྱས་ཏེ་ས་མཐོའི་གྲོང་གསེབ་ཕྱོགས་སྒྱུར་ལ་ཤུགས་སྣོན་བརྒྱབ་པ་རེད།
2024ལོའི་ཟླ་11པར། རྣམ་གྲངས་ཀྱི་སྤྱི་ཁྱབ་ཅིང་ལི་ཀྲང་ཞང་ཧུའེ་ནན་ཅིང་ནས་ཟི་ལིང་དུ་ཡོང་བ་དང་། དེ་ནས་ནུབ་ལ་བསྐྱོད་མཐར་ཁྱུང་རྒྱ་ཤང་དུ་འབྱོར་སྐབས་ས་མཐོའི་གྲང་ངད་ཚོར་ཞིང་། ཁོང་གིས“ཁོར་ཡུག་གི་དཀའ་ངལ་ཁྱད་བསད་བྱེད་པ་ནི་འགག་སྒོ་དང་པོ་ཡིན་ཞིང་། དེ་བས་འགྲན་སློང་ཆེ་བ་ནི་གསོལ་མགྲོན་ཁང་དོ་དམ་བྱེད་མྱོང་མེད་པའི་ས་གནས་འདི་གའི་མང་ཚོགས་ཁྲིད་དེ་ཁོང་ཚོར་ལས་ཞུགས་ཀྱི་ཐབས་ལམ་དེ་བས་མང་བ་གཏོད་རྒྱུ་དེ་རེད”ཅེས་བཤད།
ཡུལ་ཕྱོགས་གཅིག་གི་རི་ཆུས་ཡུལ་ཕྱོགས་དེའི་ཡུལ་མི་སྐྱོང་། སྐུ་འབུམ་གྱི་གྲང་བསིལ་སྔོ་ཚལ་དང་ཁྱུང་རྒྱའི་ནོར་ལུག་གསོ་ཚགས་སོགས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་རྟེན་གཞི་དེས་དུས་བཀག་ལྟར་ཡུལ་མིའི་ཞིང་ལས་ཐོན་རྫས་ཉོ་བ་མ་ཟད། ནགས་ཚལ་ཞིབ་སྦྱོང་དང་། དམངས་སྲོལ་ཉམས་ལེན། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། སྒོར་གཞས་མཚན་ཚོགས་སོགས་ཐོན་ལས་འཁོར་འབྲེལ་བརྒྱུད་མཐའ་འཁོར་གྱི་ཡུལ་མིར་ཁྱིམ་ཚང་མགྲོན་ཁང་དང་ཞིང་པའི་སྤྲོ་སྐྱིད་ཁང་སོགས་ཀྱི་ལས་རྣམ་མང་དུ་གཏོང་བར་སྐུལ་ཁྲིད་བྱས་པས་ཐབས་ལམ་མང་པོ་ནས་འབབ་འཕར་བྱུང་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ཟླ་5པ་ནས་གཉེར་སྐྱོང་བྱས་ཚུན། རྟེན་གཞི་དེས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་20ལྷག་ཙམ་ལ་སྣེ་ལེན་ཞུས་པར་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་330ལྷག་ཙམ་ཟིན་པ་དང་། རྣམ་གྲངས་དེ་ནི་ཁྱུང་རྒྱ་ཤང་གི་གྲོང་ཚོ་5ལ་ཐུན་མོང་དུ་དབང་བ་དང་ཁེ་འབབ་ཚང་མ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ནང་འཇུག་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།