དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྩྭ་བཏབ་ནས་སྐྱེ་ཁམས་ལེགས་སུ་གཏོང་བ་དང་མང་ཚོགས་ཕྱུག་པོ་ཆགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཝུའུ་ཡུང་། ཀྲའོ་ཅིང་ཧྥུང་།   |     སྤེལ་དུས།  2026-08-24

    ནང་སོག་ཐུང་ལེའོ་གྲོང་ཁྱེར་ཁའེ་ལུའུ་རྫོང་ཞའོ་ཅེ་ཅི་གྲོང་རྡལ་དུ་མུའུ་ཁྲི་ཡི་རྩྭ་ར་སྔོ་ལྗང་གི་འཇམ་གདན་འདིང་བ་བཞིན་མུ་མཐའ་མི་མངོན་པ་ཞིག་ཡོད། ལོ་འགའི་གོང་དུ་འདི་ཁུལ་ནི་རྩྭ་ཕྲན་ཙམ་ཡང་མི་སྐྱེ་བའི་བ་ཚྭའི་ཐང་རྒོད་ཅིག་རེད།

    སྐབས་དེ་དུས་ཞའོ་ཅེ་ཅི་གྲོང་རྡལ་གྱི་ས་ཆ་38%བྱེ་འདམ་ཡིན་ཞིང་། རྩྭ་ར་ཞན་འགྱུར་དང་། བྱེ་འགྱུར། བ་ཚྭ་ཅན་བཅས་ཀྱི་རྒྱ་ཁྱོན་མུའུ་ཁྲི་60ལྷག་ཙམ་ཟིན་ནས་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཞན་པོ་ཡོད་པ་རེད།

    2019ལོར། ཁའེ་ལུའུ་རྫོང་གིས་ཀྲུང་གོ་ཚན་རིག་ཁང་རྩྭ་རྩི་ཤིང་ཞིབ་འཇུག་སུའོ་ཡི་ཀྲུང་གོ་ཚན་རིག་ཁང་གི་ཕྱུགས་རྩྭ་ལག་རྩལ་ཚོགས་པ་བརྟག་ཞིབ་བྱེད་པར་གདན་དྲངས་ཤིང་། ཞིབ་འཇུག་སུའོ་ཡི་ལག་རྩལ་ཆེ་མོ་བ་ལིའུ་ཧུའེ་ཡིས“ཁའེ་ལུའུ་ཡི་ཁོར་ཡུག་ལ་ཀྲུང་གོ་ཚན་རིག་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་བ་ཚྭ་བཟོད་ཐུབ་པའི་རྩྭ་ཞིག་འདེབས་པར་འཚམ་པོ་ཡོད་པས། ང་ཚོས་རྩྭ་འདེབས་པར་བརྟེན་ནས་ས་ཆ་ཡུག་གཅིག་བཅོས་སྐྱོང་བྱེད་རྒྱུའི་ཚོད་ལྟ་བྱེད་དགོས་སྙམ་བྱུང”ཞེས་བརྗོད་པ་དང་། ལོ་དེ་དག་རིང་ཞིབ་འཇུག་སུའོ་ཡི་ལག་རྩལ་ཆེ་མོ་བ་ལིའུ་ཧུའེ་དུས་ཡུན་རིང་པོ་དེ་གར་བཅའ་སྡོད་བྱས་ནས་རྩྭའི་སྣ་ཁ་གསར་པ་ཁྱབ་གདལ་བཏང་ཡོད་པ་རེད།

    རྩྭ་གསེབ་ཏུ་སྐྱོད་སྐབས་ལིའུ་ཧུའེ་ཡིས་རྩྭ་འདེབས་སའི་ས་རྒྱུར་ལྟ་བཞིན“རྩྭའི་རྩ་བ་དེ་དག་གིས་བྱེ་འཇགས་ཆུ་སྲུང་ཐུབ་ཀྱི་ཡོད་ལ། སྐྱེ་ལྡན་སྐྱུར་ཐོན་ནས་བ་ཚྭ་ལེགས་བཅོས་ཐུབ་ཀྱི་ཡོད། དེའི་བུལ་བཟོད་ཐུབ་ཚད་PH9.5ཟིན་ནས་ཐན་པ་དང་། གྲང་ངར། རྩྭ་འབྲེག་བཅས་ཐེག་ཐུབ་ཀྱི་ཡོད”ཅེས་བརྗོད་པ་རེད།

    “རྩྭ་བཏབ་པའི་ལོ་གཉིས་པར་རྩྭའི་རྩ་བ་སྨི་1.5ནས་2བར་ཁྱབ་ནས་ཁེབས་ཚད་50%ཟིན་པ་དང་། ལོ་གསུམ་པར་ཁེབས་ཚད་100%ཙམ་ཟིན་ནས་རྩྭ་ཚོམ་བརྟན་པོ་ཞིག་ཆགས་ཀྱི་ཡོད”ཅེས་ལིའུ་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས་རྩྭ་འདེབས་རྒྱུ་ལེགས་གྲུབ་བྱུང་ཚེ་ལོ་20ཡི་རིང་བསྐྱར་འདེབས་བྱེད་མི་དགོས་པ་མ་ཟད། ད་དུང་ཕྱི་ཡོང་སྐྱེ་དངོས་རིགས་ཀྱི་བཙན་འཛུལ་ཚོད་འཛིན་ཐུབ་ནས་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་རྒྱུན་འཁྱོངས་བྱེད་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།

    ཁྱབ་གདལ་བཏང་ནས་ལོ་7སོང་རིང་། ཕྱུགས་གསོ་དུད་ཆེན་ཧྥན་དབྱིང་ལའེ་ཡིས་འགན་གཙང་བླངས་པའི་བ་ཚྭ་ཅན་གྱི་ས་ཞིང་མུའུ་2000ཚང་མ་སྤུས་ལེགས་ཀྱི་རྩྭ་རར་གྱུར་པ་དང་། ཁོང་གིས་གསོས་པའི་བ་གླང་ཡང་མགོ་གྲངས་100ལྷག་ཙམ་ནས་ད་ཆའི་མགོ་གྲངས་1200ལྷག་ཙམ་བར་མང་དུ་ཕྱིན་ཡོད། ས་རྒྱུ་ཞིབ་དཔྱད་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། ཁའེ་ལུའུ་རྫོང་རྩྭ་འདེབས་འཛུགས་ཁུལ་གྱི་ས་རྒྱུའི་ནང་གི་བ་ཚྭ་འདུས་ཚད་དེ་ཐོག་མའི་1.2%ནས་0.3%བར་རིམ་བཞིན་ཆག་པ་དང་། སྐྱེ་ལྡན་རྫས་བཅུད་འདུས་ཚད་42%འཕར་ནས་བྱེ་རླུང་འཚུབ་པའི་ཉིན་གྲངས་2019ལོ་ལས་68%ཀྱིས་ཉུང་དུ་ཕྱིན་ཡོད་པ་རེད།

    སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་ཕུད། རྩྭ་བཏབ་པར་བརྟེན་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་ད་དུང་ཏན་ཏན་ཏིག་ཏིག་གི་འབབ་འཕར་བྱུང་ཡོད་པ་རེད།

    ལོ་57ལ་སླེབས་པའི་ཀྲོའུ་ཅིན་ཧྥུང་ནི་ཞའོ་ཅེ་ཅི་གྲོང་རྡལ་སན་ཧྲི་ཧྥང་ཏི་གྲོང་ཚོའི་ཡུལ་མི་ཡིན་ཞིང་། ལོ་མང་གོང་ཁོང་གིས་རྩྭ་ས་མུའུ་300འགན་གཙང་བླངས་ནས་འབྲོག་ར་བཙུགས་ཡོད། ཀྲུང་གོ་ཚན་རིག་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་རྩྭ་ཞའོ་ཅེ་ཅི་གྲོང་རྡལ་དུ“རྩ་བ་ཚུགས་པ”དང་བསྟུན་ནས། གྲོང་རྡལ་སྲིད་གཞུང་གི་སྣེ་ཁྲིད་འོག་ཀྲོའུ་ཅིན་ཧྥུང་གིས་རྩྭ་ར་ཚང་མར་རྩྭ་བཏབ་པ་རེད། བསམ་ཡུལ་ལས་འདས་པ་ཞིག་ལ་ལོ་དང་པོར་རྩྭ་ཡག་པོ་མ་སྐྱེས་པར་བ་ཚའི་སྨུག་ཐིག་སྔར་བཞིན་མཐོང་རྒྱུ་ཡོད་པ་དང་། ལོ་གཉིས་པར་རྩྭ་གསབ་འདེབས་བྱས་རྗེས་གནས་ཚུལ་ཅུང་ལེགས་སུ་ཕྱིན་ཡང་གྱོང་མ་ཕོག་ཙམ་བྱུང་།

    ལོ་གསུམ་པའི་དབྱར་ཁར་གནས་ཚུལ་ལ་འགྱུར་ལྡོག་བྱུང་ཞིང་། རྩྭ་ཧ་ཅང་རིང་པོ་སྐྱེས་པ་དང་། རྩྭ་བརྔས་རྗེས་རྩིས་ཞིག་བརྒྱབ་པར། རྩྭ་ས་མུའུ་གཅིག་ནས་རྩྭ་སྐམ་སྤྱི་རྒྱ་280དང་རྩྭ་སོན་སྤྱི་རྒྱ་11ཐོན་ཡོད། རྩྭ་དེ་དག་གིས་ལུག་བརྒྱ་ཕྲག་ལྷག་ཙམ་གྱི་ལོ་གཅིག་གི་རྩྭ་འདང་ངེས་ཡོད་པ་མ་ཟད། ད་དུང་རྩྭ་སོན་བཙོངས་པར་དངུལ་མི་ཉུང་བ་རག་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཁའེ་ལུའུ་རྫོང་གིས་ཀྲུང་གོ་ཚན་རིག་ཁང་ཕྱུགས་རྩྭ་ཚོགས་པས་ལག་རྩལ་གྱི་འདེགས་སྐྱོར་བྱེད་པ་དང་། ཁེ་ལས་30ལྷག་ཙམ་གྱིས་ཁྲོམ་རའི་གཉེར་སྐྱོང་གི་འགན་འཁུར་བ། གྲོང་ཚོའི་མཉམ་སྡེབ་ཀྱིས་ས་ཞིང་ནང་བཤུག་གཏོང་བ་སྒྲིག་འཛུགས་བྱེད་པ། ཞིང་དུད་འདེབས་འཛུགས་གཡོག་བྱེད་ལ་ཞུགས་པ་བཅས་ཚན་ཞིབ་དང་། ཀུང་སི། གྲོང་ཚོའི་མཉམ་སྡེབ། ཞིང་དུད་ཟུང་དུ་འབྲེལ་བའི་རྩྭའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་བཏང་ཡོད་པ་རེད།

    ཁའེ་ལུའུ་རྫོང་གི་རྫོང་དཔོན་གཞོན་པ་ཁྲང་ལེང་གིས་སྐྱེ་ཁམས་དང་དཔལ་འབྱོར་སྐོར་གྱི་འགྱུར་ལྡོག་གླེང་བཞིན“རྫོང་ཡོངས་སུ་རྩྭ་ཞིང་མུའུ་ཁྲི་10ཡོད་པ་དག་གིས་ལོ་ལྟར་ཐཱན་སྲ་བརྟན་ཐུབ་ཚད་རླངས་འཁོར་ཁྲི་3.2ཀྱི་མཇུག་རླངས་འབུད་ཚད་དང་གཅིག་མཚུངས་ཡིན་པ་དང་། ཆུ་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་180གསོ་འཁྱོངས་ཐུབ་ཀྱི་ཡོད། ན་ནིང་རྫོང་ཡོངས་ཀྱི་རྩྭའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.1ཟིན་ནས་ཞིང་འབྲོག་དུད་ཚང་800ལྷག་ཙམ་ལ་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.2འཕར་བར་སྐུལ་ཁྲིད་ཐུབ་ཡོད”ཅེས་བརྗོད་པ་དང་། ཁོང་གིས“འབྱུང་འགྱུར། ང་ཚོས་རྩྭ་ཞིང་མུའུ་ཁྲི་30བར་བཏབ་སྟེ། རྒྱལ་ཡོངས་ཀྱི་ཀྲུང་གོ་ཚན་རིག་ཁང་གི་རྩྭ་འདེབས་འཛུགས་རྟེན་གཞི་ཆེ་ཤོས་དེ་བསྐྲུན་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་སེམས་ཤུགས་ཆེན་པོས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།