ཉི་འོད་ཐོན་ཁུངས་ལེགས་པར་སྤྱོད།

འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སྦས་སྣའི་ཀྲའོ་ཝ་50ཟིན་པའི་འོད་ཤུགས་ནུས་གསོག་རྣམ་གྲངས་ཡིན་པ།
གངས་ལྗོངས་ས་མཐོར་ཉི་འོད་འཕྲོ་ཡུན་རིང་ལ་འོད་ ཤུགས་ཆེ་བས། དེ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ“ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
ཉི་འོད་ཐོན་ཁུངས་ཡག་པོ་སྤྱད་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་ནི། བོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་གལ་ཆེན་ཞིག་རེད།
ཉི་འོད་ནི་རིན་ཐང་ཆེ་ཤོས་ཡིན་པ།
བོད་དུ་ཉི་འོད་ཐོན་ཁུངས་ཡག་པོ་གང་འདྲ་ཡོད་དམ་ཞེ་ན།
ལོ་རེའི་ཆ་སྙོམས་ཉི་འོད་འཕྲོ་ཡུན་ཆུ་ཚོད་2682.9ཟིན་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང་། ཉི་མའི་འགྱེད་འཕྲོའི་བསྡོམས་འབོར་ཤར་རྒྱུད་ཐང་གཤོངས་ས་ཁུལ་ལས་30%ཡིས་མཐོ་ཞིང་། མཁའ་རླུང་གཙང་ལ་སྤྲིན་པ་ཉུང་བ་དང་གནམ་དྭངས་ཚད་80%ཡན་ཟིན་པས། ལོ་འཁོར་མོར་ནུས་ལྡན་གྱི་འོད་འཕྲོའི་དུས་ཡུན་རིང་བ་མ་ཟད་ཁྱབ་ཚུལ་དོ་སྙོམས་ལ་བརྟན་པོ་ཡོད།
“བོད་དུ་ཉི་འོད་ནི་རང་བྱུང་ཁམས་ཆེན་པོས་བསྩལ་བའི‘གསེར་མདོག་གི་ནོར་བུ’ཞིག་རེད”ཅེས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ་དབྱང་ཅེ་ཡིས་དེ་ལྟར་བཤད་པ་དང་། ཁོང་གིས། ཉི་འོད་འཕྲོ་ཡུན་ཤིན་ཏུ་རིང་བའི་ཁར་ས་མཐོའི་གྲང་ཟུག་ཆེ་བའི་གནམ་གཤིས་གཉིས་ཕན་ཚུན་གཅིག་ཕན་གཅིག་རོགས་ལྟར་དུ་གྱུར་ནས་བོད་ཀྱིས་ཐོན་ལས་འཕེལ་རྒྱས་གཏོང་བའི་དམིགས་བསལ་གྱི་ཆ་སྒྲིག་ལེགས་ཆ་ཞིག་གྲུབ་ཡོད་ཅེས་བཤད།
དཔེར་ན། འོད་ཤུགས་ལྷུ་སྒྲིག་གི་དྲོད་ཚད་1℃རེ་ཆག་ན་གློག་གཏོང་གི་ནུས་ཕྱོད་0.4%ཆེ་རུ་འགྲོ་བ་དང་། ས་མཐོར་དྲོད་ཚད་དམའ་ཞིང་རླུང་བུ་ལྡང་མང་བས་སྒྲིག་ཆས་ཀྱི་ཚ་དྲོད་ཆག་སྟེ་ཉི་ནུས་འབེལ་པོ་དེ་གློག་ནུས་ལ་དེ་བས་ནུས་ལྡན་ངང་བསྒྱུར་ཐུབ་ཀྱི་ཡོད།
ཤུགས་ཆེ་བའི་སྨུག་ཕྱིའི་འོད་ཟེར་དང་སྐམ་ཤས་ཆེ་ལ་དྲོད་ཚད་དམའ་བའི་ཁོར་ཡུག་ཁྲོད་ལོ་ཏོག་གི་ནད་དང་གནོད་འབུ་ཐོན་ཚད་ཉུང་དུ་ཤུགས་ཆེན་ཕྱིན་པ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཤུགས་ཆེ་བས་ས་མཐོའི་དམིགས་བསལ་གྱི་ཞིང་ལས་སྐྱེ་དངོས་ཀྱི་ཁྱད་ཆོས་ཤིག་གྲུབ་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གཞོན་པ་ཅིང་ཧའེ་པོ་ཡིས་ཉི་འོད་ལ་བརྟེན་ནས་ཐོན་ལས་ལ་སྦགས་བཙོག་གཏན་ནས་མེད་པ་དང་། འབུད་གཏོང་བྱེད་ཚད་ཉུང་བ། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། དེ་ནི་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལྟེ་བའི་ངེས་གནས་དང་ཡོངས་སུ་མཐུན་ཏེ་བོད་ཀྱིས“ས་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་སྒུལ་ནུས་ལ་བསྒྱུར་ནས”ཐོན་ལས་གྲུབ་ཆ་རྐྱང་པ་ཡིན་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་མི་འདང་བའི་དཀའ་གནད་སེལ་བའི་འགག་རྩའི་ཁ་ཕྱོགས་ཤིག་ཡིན་པ་རེད།
ཉི་འོད་ཡོང་འབབ་ལ་གྱུར་པ།
ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆ་ནི་འགྱུར་ལྡོག་ཡོང་སྲིད་པ་ཞིག་ཡིན་པས། ཇི་ལྟར་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་ལ་བསྒྱུར་དགོས་མིན་དེས་མིག་རྒྱང་དང་སྙིང་རུས་ལ་ཚོད་བགམ་བྱེད་ཀྱི་ཡོད།
དོན་དངོས་ཐོག་ཉི་འོད་ཀྱི་རིན་ཐང་སྔོག་འདོན་བྱ་རྒྱུ་དེ་བོད་ཀྱི་ཐོན་ལས་ཀྱི་ཁ་ཕྱོགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཆེས་ཐད་ཀའི་གཞན་སྒྱུར་བྱེད་ས་ནི་འོད་ཤུགས་ཐོན་ལས་རེད། 2025ལོའི་ལོ་མཇུག་བར་བོད་ཀྱི་འོད་ཤུགས་གློག་དྲ་ཟླ་སྒྲིལ་གྱི་གློག་གཏོང་ཚད་ཆན་ཝ་ཁྲི་574.5ཟིན་ཡོད།
དྭངས་ཤིང་གཙང་ལ་སྟབས་བདེ་བའི་གློག་ཤུགས་ཀྱིས་གྲངས་འཛིན་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ཡོད། ལྷ་ས་མཐོ་གསར་ཁུལ་གྱི་བོད་ལྗོངས་ཉིང་སོན་ཚན་རྩལ་ཚོགས་པའི་གྲངས་གཞིའི་ལྟེ་གནས་སུ་འཕྲུལ་ཆས་ཆིག་ཁྲི་གྲལ་སྟར་འགྲིག་པོས་བཞག་ཡོད་པ་དང་ཉིང་ལྷེབ་ཁྲི་ཁ་ཤས་ནུས་ཕྱོད་ཆེན་པོས་འཁོར་སྐྱོད་བྱེད་བཞིན་ཡོད། “བོད་དུ་ང་ཚོས་གྲང་མོ་བཟོ་བའི་ཐད་སྤྱིར་ན་གློག་ཏུའུ་གཅིག་ཀྱང་སྤྱོད་དགོས་ཀྱི་མེད”ཅེས་བོད་ལྗོངས་ཉིང་སོན་ཚན་རྩལ་ཚོགས་པའི་ཏུང་ཧྲི་ཀྲང་ཅང་ཉིང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་འདི་གར་ནུས་རྒྱུ་སྤྱོད་པའི་ནུས་ཕྱོད་1.0ཙམ་ཟིན་པ་དེ་ལྗོངས་ཕྱིའི་1.2ཡན་གྱི་རྩེར་སོན་ཆུ་ཚད་ལས་ཧ་ཅང་མཐོ་བ་ཡོད་ཅེས་བཤད།
ཞིང་ལས་ཁྱབ་ཁོངས་སུ་ས་མཐོའི་ཤིང་འབྲས་དང་སྔོ་ཚལ་གྱི་སྤུས་ཀ་དང་བྲོ་བ་དེ་ཁྲོམ་རའི་ཐོག་གཞན་དང་མི་འདྲ་བའི་ལེགས་ཆ་ཞིག་ཏུ་གྱུར་བཞིན་ཡོད།
ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཕག་གྲུའི་རྒུན་འབྲུམ་གྲོང་རྡལ་ཆུང་ངུར་ཉི་འོད་ལ་བརྟེན་ནས་ཨ་རག་ཞིམ་པོ་མང་པོ་བསྙལ་ཡོད། “ས་མཐོའི་ཉི་འོད་ཀྱིས་ཟངས་རིའི་རྒུན་འབྲུམ་བསྐྱངས་པ་དང་དེ་ལས་རྒུན་འབྲུམ་ཨ་རག་གི་བྲོ་བ་ཞིམ་པོ་དེ་བྱུང་ཡོད”ཅེས་ཕག་གྲུ་ཨ་རག་གཞིས་ཀའི་འགན་འཁུར་བ་དབྱང་ཁྲེང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ཡུལ་དེའི་རྒུན་འབྲུམ་ནང་མེ་ཏོག་གི་མདོག་རྒྱུ་འདུས་ཚད་ཐང་གཤོངས་རྒུན་འབྲུམ་གྱི་ལྡབ་6ནས་12བར་ཡིན་པ་དང་ཐཱོན་སེར་ཁྲོན་འདུས་ཚད་སྲོལ་རྒྱུན་གྱི་ཐོན་ཁུལ་ལས་ལྡབ་5ནས་6བར་མང་བ་ཡོད་པས། ཁ་མདོག་སྨུག་ནག་ཤས་ཆེ་བ་དང་དྲི་ཞིམ་ལ་རོ་མངར་བའི་དམིགས་བསལ་གྱི་བྲོ་བ་ཞིག་གྲུབ་ཡོད་ཅེས་བཤད།
རིག་གནས་ཡུལ་སྐོར་ལས་རིགས་སུའང་ཉི་འོད་ཀྱི་ཆ་རྐྱེན་བཟང་པོ་དེ་ས་མཐོའི་སོས་དལ་བག་ཕེབས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད།
བོད་ཀྱི་དམིགས་བསལ་གྱི་ཚ་འོད་ཐོན་ཁུངས་ཀྱིས་ཐོན་ལས་ཀྱི་རྣམ་པ་གསར་པ་ཞིག་རིམ་བཞིན་གྲུབ་བཞིན་ཡོད།
འོད་མདངས་རབ་ཏུ་འཚེར་དུ་འཇུག་པ།
ཉི་འོད་ཡག་པོ་སྤྱད་ནས་དེ་ཉིད་ལས་འོད་མདངས་རབ་ཏུ་འཚེར་དུ་འཇུག་དགོས།
ཉིན་ཁ་ཤས་སྔོན་གྱི་ལྷ་སའི་ཞོ་སྟོན་འཁྲུག་ཆ་ཤིན་ཏུ་དོད་ཅིང་། མི་4000ལྷག་ཙམ་ཞུགས་པའི་སྤྱི་ལེ་5ཡི་བདེ་ཐང་རྒྱུག་ཤར་འགྲན་བསྡུར་ཚ་ཚ་འུར་འུར་ངང་སྤེལ་བར་ཚང་མས་ས་མཐོའི་ཞོགས་པའི་ཉི་གཞོན་དང་འགྲོགས་ནས་རྒྱུག་ཤར་འགྲན་པ་དང་། ལྷ་མོའི་འགྲེམས་འཁྲབ་དང་། གླིང་ཁར་རོལ་བ། ཕྱོགས་ཐོན་ལུས་རྩལ་སོགས་གང་དགའ་གང་སྐྱིད་བྱེད་རིང་ཉི་འོད་ཚ་ལམ་ལམ་དུ་འཕྲོས་པས་དུས་ཆེན་དེ་བས་གྲ་རྒྱས་སུ་ཕྱིན་པ་མ་ཟད། དུས་ཆེན་རིང་གི་རིག་གནས་ཡུལ་སྐོར་དང་འཛད་སྤྱོད་ཀྱི་གསོན་ཤུགས་དེ་བས་ཀྱང་འཕེལ་ཡོད།
ང་ཚོས་འོད་ཤུགས་ཀྱི་གློག་དང་། སྟོན་ཐོག རིག་གནས་ཡུལ་སྐོར་གྱི་མཛེས་པ། གྲངས་གཞིའི་རྩིས་ནུས་བཅས་མཉམ་དུ་འཇོག་སྐབས་ཁ་གསལ་གྱི་འབྲེལ་ཐག་ཅིག་མཐོང་ཐུབ་པ་ནི“ཉི་འོད”ཅེས་པ་དེ་ཡིན་ཞིང་། དེ་དང་འདྲ་བར་བོད་ཀྱི་དོན་དངོས་དང་མཐུན་པ་དང་། ས་མཐོའི་དམིགས་བསལ་ཁྱད་ཆོས་ལྡན་པ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ལ་ཁྱབ་པའི་ཐོན་ལས་ཀྱི་ལས་རྣམ་ཞིག་ཀྱང་ཐོན་ལ་ཉེ་བ་དེར་ཉི་འོད་དཔལ་འབྱོར་ཞེས་ཟེར།
ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱིས་ངོས་འཛིན་བྱས་དོན། ཉི་འོད་ཐོན་ཁུངས་གཙོ་བོར་བྱས་ཏེ་ས་མཐོའི་ཁྱད་ལྡན་ཐོན་ལས་འགའ་ཞིག་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་འབྲེལ་ཐུབ་ན་སྲིད་ཇུས་ཀྱི་རྒྱང་ལྟའི་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བར་ཕན་ཐོགས་བྱུང་ནས་ཐོན་ཁུངས་དང་། ཐོན་ལས། ཁྲོམ་ར་བཅས་འཁོར་རྒྱུག་བཟང་པོ་ཡོང་བར་ཁྲིད་སྟོན་བྱེད་ཐུབ།
ཐོན་ཁུངས་དང་། ཐོན་ལས། ཁྲོམ་ར་བཅས་མཉམ་འགུལ་བཟང་པོ་ཞིག་ཆགས་ནས་གསར་གཏོད་འཁོར་འབྲེལ་དང་། ཐོན་ལས་འཁོར་འབྲེལ། འཛད་སྤྱོད་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་སྐབས“ཉི་འོད་ལམ་ལམ་དུ་འཚེར་བའི”ཐོན་ལས་ཀྱི་ཚོ་འདུས་ཤིག་ཆུ་མིག་བརྡོལ་བ་ལྟར་ཐོན་ཏེ་འོད་མདངས་ས་མཐོར་ཁྱབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།