དབུ་ཤོག>གསར་འགྱུར།
  • ལྷ་ས་ཁྲེང་ཀོན་ཆུས་སུ་ལམ་ཟུར་སྤྱི་གླིང་གིས་གྲོང་མིའི་འཚོ་བར་སྤྲོ་སྣང་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-24

    བོད་ལྗོངས་ལྷ་ས་ཁྲེང་ཀོན་ཆུས་ཅང་སུའུ་ལམ་ཆེན་གྱི་བྱང་ངོས་ལམ་འགྲམ་དུ་སྔོ་ཐིང་ཐིང་གི་ལམ་ཟུར་སྤྱི་གླིང་ཞིག་གྲོང་མིའི་ཐོག་ཁང་ཁྲོད་དུ་ཆགས་ཡོད། ལྗོན་ཤིང་གི་ལོ་འདབ་རྒྱས་པ་དང་མེ་ཏོག་རབ་ཏུ་བཞད་པའི་སྤྱི་གླིང་དེའི་ནང་རྒན་རྒོན་ཁ་ཤས་ཀྱིས་ལྗོན་ཤིང་གི་བསིལ་གྲིབ་འོག་ཏུ་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། ཕྲུ་གུ་ཚོ་ཐང་ཆེན་དུ་རྩེད་འཇོར་རོལ་བཞིན་འདུག ལོ་གཅིག་ལྷག་ཙམ་གོང་། དེ་གར་ད་དུང་འཛུགས་སྐྲུན་གད་སྙིགས་ཀྱིས་ཁེངས་པ་དང་རྩྭ་ངན་མང་པོ་སྐྱེས་པའི་ས་སྟོང་ཞིག་ཡིན་པ་སུའི་བློ་ངོར་ཡང་འཆར་སྲིད།

    “སྔོན་ཆད་ཕྱིར་སྐྱོད་སྐབས་ངེས་པར་དུ་ལམ་བུ་དེ་བརྒྱུད་དགོས་པས། ཁོར་ཡུག་བཙོག་ཟིང་ཆེ་ལ་རླངས་འཁོར་འཇོག་སའང་མེད”ཅེས་མཐའ་འཁོར་གྱི་གྲོང་མིས་དྲན་གསོ་བྱེད་བཞིན་བཤད། ས་སྟོང་དེ་དུས་ཡུན་རིང་པོ་བེད་སྤྱོད་བཏང་མེད་པས་རིམ་བཞིན་གད་སྙིགས་སྤུངས་སར་གྱུར་ནས། མང་ཚོགས་ཚོར་བསམ་འཆར་ཆེན་པོ་ཡོད་པ་རེད།

    མང་ཚོགས་ཀྱི་བསམ་འཆར་ནི་བྱ་སྤྱོད་སྤེལ་བའི་སྒུལ་ཤུགས་ཡིན། ལྷ་ས་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཡུས་དབྱང་གིས་གསར་འགོད་པར“གོང་ཞུ་འབྱོར་རྗེས། ང་ཚོས་ས་གནས་ས་ཐོག་ཏུ་བརྟག་ཞིབ་ཐེངས་མང་བྱས་པ་བརྒྱུད། ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པ་མ་ཟད། ཉེ་འཁོར་གྱི་ཁུལ་ཆུང་རྙིང་པར་རླངས་འཁོར་འཇོག་ས་དཀོན་པའི་གནད་དོན་ཤེས་རྟོགས་བྱུང་། དེ་སྔོན་ཁུལ་ཆུང་རྙིང་པ་སྐྲུན་སྐབས། དུད་ཚང་མང་པོར་རླངས་འཁོར་མེད་པས།

    རླངས་འཁོར་འཇོག་སའི་གནད་དོན་ལ་བསམ་བློ་བཏང་མི་འདུག ད་ཆ་དུད་ཚང་ཚང་མར་རླངས་འཁོར་ཡོད་པས་རླངས་འཁོར་གང་བྱུང་དུ་འཇོག་པ་དེ་རྒྱུན་གཏན་ཞིག་ཏུ་གྱུར་ཡོད”ཅེས་བཤད།

    དམངས་འཚོའི་དཀའ་གནད་དེ་དག་ཐག་གཅོད་བྱ་ཆེད། ས་གནས་དེ་གས“ས་ངོས་སྔོ་འགྱུར་དང་ས་འོག་ཏུ་རླངས་འཁོར་འཇོག་པའི”ཕྱོགས་བསྡུས་ཅན་གྱི་འཛུགས་སྐྲུན་བྱེད་སྟངས་སྤྱོད་རྒྱུའི་ཐག་བཅད་པ་རེད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་3682.15བཏང་བ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་4142.96ཟིན་པར་ལེ་ལག་ཚང་བའི་སྔོ་འགྱུར་སྨི་ངོས་གྲུ་4984ཡོད་པ་དང་། ས་འོག་ཏུ་ཚད་ལྡན་ཅན་གྱི་རླངས་འཁོར་འཇོག་ས་77མང་དུ་བཏང་ཡོད་པ་རེད། རྣམ་གྲངས་དེ་2024ལོའི་ཟླ་6པར་ཨར་སྐྲུན་བྱེད་འགོ་ཚུགས་པ་དང་མིག་སྔར་གྲུབ་ཆ་གཙོ་བོ་དང་རླངས་འཁོར་འཇོག་སའི་ཨར་ལས་ལེགས་གྲུབ་ཟིན་ནས་མཇུག་བསྡུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    “ང་ཚོས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་དགོས་པ་མ་ཟད། ད་དུང་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་ཡང་བསྟུན་དགོས། ཉེ་འཁོར་གྱི་གྲོང་མི་མང་ཆེ་བ་ནི་རྒན་རྒོན་ཡིན་པས། བསམ་འཆར་བསྡུ་ལེན་བྱེད་སྐབས་ཚང་མས་འཆམ་འཆམ་བྱེད་ས་དང་སྒོར་གཞས་འཁྲབ་ས་ཞིག་དགོས་པའི་རེ་བ་བཏོན་གྱི་འདུག དེར་བརྟེན་སྤྱི་གླིང་དེར་ཐང་ཆེན་ཆུང་ངུ་ཞིག་ཆེད་མངགས་འཆར་འགོད་བྱས་པ་མ་ཟད། ད་དུང་ལུས་སྦྱོང་ཡོ་བྱད་དང་བྱིས་པའི་རོལ་རྩེད་ཁུལ་ཡང་བཀོད་སྒྲིག་བྱས་ཏེ་མི་ཚང་མར་མཁོ་བའི་སྡེ་ཁུལ་གྱི་སྤྲོ་གསེང་གླིང་ཞིག་བསྐྲུན་པ་རེད”ཅེས་རྣམ་གྲངས་ཀྱི་འགན་འཁུར་བ་བཀྲ་ཤིས་ལྷ་དབང་གིས་བཤད།

    གསར་འགོད་པས་སྤྱི་གླིང་དེ་ཙམ་ཆེན་པོ་མེད་ཀྱང་ནུས་པ་ཆ་ཚང་པོ་ཡོད་པ་མཐོང་བྱུང་། ཐང་ཆེན་ཐོག་གྲོང་མི་ཁ་ཤས་ཀྱིས་ཕྲུ་གུ་ཁྲིད་ནས་རྩེད་མོ་རྩེ་བཞིན་འདུག “དེ་གོང་ཁུལ་ཆུང་ཉེ་འཁོར་གྱི་ཁོར་ཡུག་ཧ་ཅང་བཙོག་ཟིང་ཆེ་བས། ཕྲུ་གུ་ཁྲིད་དེ་ལམ་ཐག་རིང་པོར་བསྐྱོད་དགོས་ཀྱི་ཡོད། འོ་རྒྱལ་ཐང་སྤྱི་གླིང་སྒྱུར་བཀོད་བྱས་རྗེས་ང་ཚོ་ས་ཆ་གཞན་དུ་འགྲོ་དགོས་མི་འདུག རྒྱུན་དུ་ཁུལ་ཆུང་ནང་གི་རྒན་རྒོན་དང་ཕྲུ་གུ་ཚང་མ་སྤྱི་གླིང་འདིར་ཡོང་དགའ་པོ་ཡོད”ཅེས་གྲོང་མི་ཨ་ཅག་ལུའོ་ལགས་ཀྱིས་གསར་འགོད་པར་བཤད།

    (《འོད་ཟེར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།