རྒྱལ་ཡོངས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་མཚོ་སྔོན་དུ་སྐྱོད་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། “ལོ་བརྒྱའི་ཤིང་འཛུགས་སྙིང་སྟོབས་གཅིག་རྒྱུན་གཅིག་གིས་འཛིན། བྱང་གསུམ་བྱེ་བཅོས་ལས་དོན་སྤེལ་བར་མཚོ་སྔོན་ལ་ལྟ”ཞེས་པའི་རྒྱལ་ཡོངས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་མཚོ་སྔོན་དུ་སྐྱོད་པའི་བྱེད་སྒོ་ཟི་ལིང་གྲོང་ཁྱེར་བྱང་རིའི་མཛེས་སྡུག་གླིང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་ནི་བསམ་པའི་རྩ་རྒྱུན་ཁུངས་འདེད་གཏོང་བ་དང་བྱེ་བཅོས་ཀྱི་ཐོག་མའི་བསམ་འདུན་ལ་གུས་འདུད་ཞུ་བའི་བཅར་འདྲིའི་བྱེད་སྒོ་ཞིག་རེད་ལ། སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་མངོན་པ་དང་མཚོ་སྔོན་གྱི་དཔེ་མཚོན་བརྒྱུད་སྤེལ་བྱེད་པའི་མཉམ་འདྲེས་སྨྱན་སྦྱོར་གྱི་འདུ་ཚོགས་གཟབ་རྒྱས་ཤིག་དེ་བས་ཀྱང་རེད།
བྱེད་སྒོར་ཞིང་ཆེན་ཕྱི་ནང་གི་གཙོ་རྒྱུན་སྨྱན་སྦྱོར་གདན་དྲངས་ཏེ་ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་མཚོ་སྔོན་གྱི་སྐྱེ་ཁམས་བཅོས་སྐྱོང་ལག་ལེན་དུ་སྔོག་འདོན་དང་། ས་མཐོའི་བྱེ་བཅོས་སྙིང་སྟོབས་བརྒྱུད་སྤེལ། མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་གཏམ་རྒྱུད་བརྗོད་པ་བཅས་ལ་བྱ་རྒྱུ་ཡིན་པ་རེད།
འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས། བཅར་འདྲི་ཚོགས་པས་ས་གནས་ས་ཐོག་ཏུ་ཞིབ་སློབ་ཀྱི་བཅར་འདྲི་ཐེངས་དང་པོ་བྱེད་འགོ་ཚུགས་ཤིང་། སྔ་རྗེས་སུ་སྐལ་བཟང་གི་སྙིང་སྟོབས་སློབ་གསོའི་རྟེན་གཞི་དང་ཟི་ལིང་གྲོང་ཁྱེར་ཏ་ཏུན་ལིང་རི་བོའི“ཟི་ལིང་གི་མིག”ཅེས་པར་བསྐྱོད་ནས་ལྟ་སྐོར་དང་སློབ་སྦྱོང་བྱས་པ་རེད། སྐལ་བཟང་གི་སྙིང་སྟོབས་སློབ་གསོའི་རྟེན་གཞིར་བཅར་འདྲི་ཚོགས་པས་རྩ་ཆེའི་ལོ་རྒྱུས་ཀྱི་པར་རིས་དང་། འགྲེམས་སྟོན་དངོས་རྫས། བརྙན་པར་དཔྱད་གཞི། བཟོས་ལྗོངས་བཅས་ལ་བརྟེན་ནས“དུས་རབས་ཀྱི་མིག་དཔེ”སྐལ་བཟང་གིས་ལོ་དྲུག་ཅུའི་རིང་དམངས་ལ་ལེགས་སྐྱེས་ཕུལ་བ་དང་རྒན་ཡོལ་ཞུས་རྗེས་རི་རྒོད་སྔོ་ལྗང་ཅན་དུ་སྒྱུར་བར་འབད་འབུངས་བྱེད་པའི་མི་སེམས་འགུལ་བའི་བྱས་རྗེས་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། ཁོང་གི་ཚེ་སྲོག་གི་རྒྱུན་མ་ཆད་བར་བྱེ་བཅོས་བྱེད་མཚམས་མི་འཇོག་པའི་འབད་འཐབ་སྙིང་སྟོབས་དང་སྤྱི་ཞབས་པའི་བརྩེ་སེམས་ལ་མྱོང་ཚོར་ཟབ་མོ་བྱས་པ་རེད།
དེ་སྔ་བྱེ་རྡོ་ལྷང་ལ་བུད་ཅིང་བྱེ་རླུང་འཚུབ་པའི་ཟི་ལིང་གི་ལྷོ་བྱང་རི་བོ་སྐལ་བཟང་སོགས་མི་རབས་མང་པོའི་བྱེ་བཅོས་མི་སྣའི་འབད་འབུངས་འོག་སྔོ་ཐིང་ཐིང་གི་གྲོང་ཁྱེར་སྐྱེ་ཁམས་སྲུང་བཅད་དུ་གྱུར་ཡོད། ཏ་ཏུན་ལིང་རི་བོའི“ཟི་ལིང་གི་མིག”ཅེས་པའི་ལྗོངས་གཟིགས་སྒང་དུ་བཅར་འདྲི་ཚོགས་པས་མཐའ་ཡས་ཀྱི་ནགས་ཚལ་སྟུག་པོར་རྒྱང་ལྟ་བྱས་ཏེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཕོ་འགྱུར་ཆེན་པོ་མིག་མཐོང་ལག་ཟིན་བྱུང་བ་མ་ཟད་མཚོ་སྔོན་གྱིས་སྐྱེ་ཁམས་བཅོས་སྐྱོང་ལ་སྙིང་རུས་གཏན་འཁྱོངས་ཀྱིས་སྐུལ་འདེད་བཏང་བའི་གཡུར་ཟའི་གྲུབ་འབྲས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།
དེ་རྗེས་ཀྱི་ཉིན་ཤས་རིང་བཅར་འདྲི་ཚོགས་པས་པར་ཆས་དང་སྨྱུ་གུར་བརྟེན་ནས་མཚོ་སྔོན་གྱི་ལྗང་མདོག་འཕོ་འགྱུར་དང་བྱེ་བཅོས་གཏམ་རྒྱུད་བརྗོད་དེ། ས་མཐོའི་སྐྱེ་ཁམས་བཅོས་སྐྱོང་གི་མཚོ་སྔོན་གྱི་ཉམས་མྱོང་དང་དཔེ་མཚོན་ཕྱོགས་ཡོངས་ནས་བརྒྱུད་སྤེལ་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།