ཉི་ནུས་ཤེལ་ལེབ་ཀྱིས་ཕ་ཁི་སི་ཐན་གྱི་ལྗང་མདོག་འབྱུང་འགྱུར་ལ་འོད་སྣང་སྦྱིན་པ།

འདི་ནི་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོ་གྲོང་ཁུལ་གྱི་ཚོང་ཁང་ཞིག་གི་ཐོག་སྟེང་དུ་ལས་དོན་མི་སྣས་ཀྲུང་གོའི་ཉི་ནུས་གློག་རྫས་ཤེལ་ལེབ་ལ་བདག་སྐྱོང་བྱེད་བཞིན་པ།

འདི་ནི་ཉེ་ཆར། བྷེ་ཨུ་རུ་སུའི་པུའུ་ལེ་སི་ཐེ་ཀྲོའུ་ཀན་ཚའེ་ཝེ་ཆི་ཆུས་ཀྱི་ཞིང་རར་ལས་མིས་ཤིང་ཏོག་ལན་མེ་འཐུ་བཞིན་པ།
ཕ་ཁི་སི་ཐན་གྱི་དབྱི་སི་ལམ་པོ་དང་ལ་ཧོར་སོགས་གྲོང་ཁྱེར་གྱི་མཁའ་དབྱིངས་ནས་མར་བལྟས་ཚེ་དམིགས་བསལ་གྱི་མཐོང་ཚོར་ཞིག་སྦྱིན་ཐུབ་པ་སྟེ། མཐོ་དམའ་མི་སྙོམས་པའི་སྐྲུན་དངོས་ཀྱི་ཐོག་སྟེང་དུ་ཉི་ནུས་གློག་རྫས་ཤེལ་ལེབ་སྔོན་པོས་ཁེངས་ཡོད། 2017ལོར་ཕ་ཁི་སི་ཐན་གྱིས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་ཁྱབ་གདལ་གྱི་འཆར་གཞི་ལག་བསྟར་བྱས་ཚུན། ཀྲུང་གོའི་འོད་ཤུགས་ཐོན་རྫས་ཀྱིས་ས་གནས་དེ་གའི་ནུས་རྒྱུའི་གནས་བབ་ལ་འགྱུར་ལྡོག་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རམ་འདེགས་བྱས་ཡོད།
དེ་སྔོན་གློག་ཡང་སེ་ཆད་འགྲོ་བའི་གྲོང་ཚོར་ད་ཆ་གློག་ཤུགས་མཁོ་འདོན་བརྟན་པོ་བྱུང་བ།
རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡི་གྲངས་གཞི་ལས་མངོན་པར། ཕ་ཁི་སི་ཐན་གྱི་མི་འབོར་དུང་ཕྱུར་2.4ལས་བརྒལ་ཡང་མི་འབོར་ཁྲི་4000ལྷག་ཙམ་ལ་སྔར་བཞིན་གློག་ཤུགས་བརྟན་པོ་སྤྱོད་ཐུབ་ཀྱི་མེད། ཉེ་བའི་ལོ་10ཡི་རིང་། ཕ་ཁི་སི་ཐན་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཉི་ནུས་གློག་གཏོང་ཁྱབ་གདལ་ཧུར་ཐག་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ས་གནས་དེ་གའི་གཙོ་རྒྱུན་སྨྱན་སྦྱོར《གསར་འགྱུར་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཕ་ཁི་སི་ཐན་གྱི་ཁྱིམ་ཚང་ཁྲི་730ལྷག་ཙམ་ལ་ཉི་ནུས་གློག་གཏོང་མ་ལག་བསྒར་ཡོད་པ་དང་ཕང་ཀྲེ་ཕུའུ་ཞིང་ཆེན་གྱི་ལྷོ་རྒྱུད་དང་ཤིན་ཏེ་ཞིང་ཆེན་བྱང་རྒྱུད་ཀྱི་གྲོང་ཚོར་ཁྱིམ་ཚང་50%ཙམ་ལ་ཀྲུང་གོའི་ཉི་ནུས་གློག་རྫས་ཤེལ་ལེབ་བསྒར་ཡོད། ཕ་ཁི་སི་ཐན་གྱི་འོད་ཤུགས་ཁེ་ལས“ཏོར་ཐེ་ནུས་རྒྱུའི”སྤྱི་ཁྱབ་ཅིང་ལི་ཐཱ་ལཱ་ཡིས་གསར་འགོད་པར་ཁེ་ལས་དེས་ལོ་ལྟར་ཀྲུང་གོའི་ཉི་ནུས་གློག་རྫས་ཤེལ་ལེབ་ཁྲི་20ཙམ་འཚོང་ཐུབ་ཀྱི་ཡོད་ཅེས་བརྗོད།
ཀྲུང་གོའི་འོད་ཤུགས་ཐོན་རྫས་ཀྱི་ཕན་འབྲས་ལས་དེ་སྔོན་གློག་ཡང་སེ་ཆད་འགྲོ་བའི་གྲོང་ཚོར་ད་ཆ་གློག་མཁོ་འདོན་བརྟན་པོ་ཐུབ་ཀྱི་ཡོད། ཕ་ཁི་སི་ཐན་དྲང་གཞག་འཕེལ་རྒྱས་སྲིད་ཇུས་ཞིབ་འཇུག་སུའོ་ཡི་སྙན་ཞུ་ལས་མངོན་པར། 2025ལོར་ཕ་ཁི་སི་ཐན་གྱི་དབྱར་དུས་གློག་སྤྱོད་མང་བའི་དུས་སུ། འོད་ཤུགས་གློག་གཏོང་ཚད་དེ་མེ་ཤུགས་གློག་གཏོང་ཚད་ལས་ཐོག་མར་བརྒལ་ཡོད།
ཉི་ནུས་གློག་གཏོང་གི་འཕར་ཚད་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་3ལས་བརྒལ་ནས་ནུས་རྒྱུ་ཕྱོགས་སྒྱུར་ལ་རྒྱུན་མཐུད་རམ་འདེགས་བྱས་པ།
དབྱིན་ཇིའི་ལུའུ་ཐོའུ་གསར་འགྱུར་ཁང་གི་གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་6པའི་བར་ཕ་ཁི་སི་ཐན་གྱི་ཉི་ནུས་གློག་གཏོང་འཕར་ཚད་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་3ལས་བརྒལ་ཡོད། 《གསར་འགྱུར་ཚགས་པར》ཐོག་དཔྱད་གཏམ་སྤེལ་བར། ཕ་ཁི་སི་ཐན་དུ་འོད་ཤུགས་གློག་གཏོང་ནི་ཉུང་ཚོགས་ཀྱི་ནུས་རྒྱུའི་གདམ་ག་ཞིག་མིན་པར་ནུས་རྒྱུའི་གྲུབ་ཆའི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། དེའི་ཐད་དབྱིན་ཇིའི《དཔལ་འབྱོར་རིག་པ་བ》ཞེས་པའི་དུས་དེབ་ནང“ཕ་ཁི་སི་ཐན་འདི་ཉིད་ལོ་བཅུའི་རིང་གི་བསམ་ཡུལ་ལས་འདས་ཤོས་ཀྱི་ནུས་རྒྱུ་གཙང་མ་ཕྱོགས་སྒྱུར་ཐུབ་པའི་དཔེ་མཚོན་གྲས་ཤིག་ཏུ་འགྱུར་བཞིན་ཡོད”ཅེས་དཔྱད་གཏམ་སྤེལ་ཡོད།
ཕ་ཁི་སི་ཐན་དུ་འོད་ཤུགས་གློག་གཏོང་མགྱོགས་མྱུར་ཁྱབ་གདལ་བཏང་ཐུབ་པ་དེ་ཀྲུང་གོའི་འོད་ཤུགས་ཐོན་རྫས་དང་ཁ་འབྲལ་ཐབས་མེད། ཕ་ཁི་སི་ཐན་གྱི་སྨྱན་སྦྱོར་གྱིས་བསྟན་དོན། 2022ལོ་ནས་2024ལོ་བར། ཕ་ཁི་སི་ཐན་གྱིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་འོད་ཤུགས་ལྷུ་ལག་གི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ལྡབ་5འཕར་ཏེ་ཀྲའོ་ཝ་ཁྲི་1.66ཟིན་པ་དང་། འཕེལ་ཕྱོགས་དེ་2025ལོར་སྔར་བས་རྒྱུན་འཁྱོངས་ཐུབ་ནས་ཕ་ཁི་སི་ཐན་འདི་ཉིད་གོ་ལ་ཧྲིལ་པོའི་འོད་ཤུགས་དགོས་མཁོ་འཕར་མགྱོགས་ཤོས་ཀྱི་ཁྲོམ་རའི་གྲས་ཤིག་ཏུ་གྱུར་ཡོད། ཕ་ཁི་སི་ཐན་ནུས་རྒྱུ་བློ་འདྲི་ཀུང་སི“ཐོན་ཁུངས་ཀྱི་འབྱུང་འགྱུར”གཏོད་མཁན་ཁུ་ལཱ་མུའུ·ལཱ་ལཱ་ཉི་ཡིས། གལ་སྲིད་ཀྲུང་གོའི་ལག་རྩལ་དང་ཐོན་རྫས་མེད་ན། ཕ་ཁི་སི་ཐན་དུ་འོད་ཤུགས་གློག་གཏོང་མགྱོགས་མྱུར་ཁྱབ་གདལ་གཏོང་མི་ཐུབ་ལ། ནུས་རྒྱུ་ཕྱོགས་སྒྱུར་གྱི་འཕེལ་རིམ་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཅེས་བརྗོད།
ཀྲུང་གོའི་ཉི་ནུས་གློག་རྫས་ཤེལ་ལེབ་ད་དུང་ཕ་ཁི་སི་ཐན་གྱི་བཟོ་ལས་གློག་སྤྱོད་ཁྱབ་ཁོངས་སུ་རྒྱ་ཁྱབ་ངང་སྤྱོད་ཀྱི་ཡོད། ཕ་ཁི་སི་ཐན་གྱི《ཐོ་རེངས་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་ཉི་ནུས་གློག་གཏོང་གི་རྨང་གཞིར་བརྟེན་ནས། འཁེལ་འཐག་ལས་རིགས་དང་། གྱོན་ཆས་འཚེམ་བཟོའི་ལས་རིགས། འཛུགས་སྐྲུན་རྒྱུ་ཆའི་ལས་རིགས་སོགས་ཀུང་སི་མང་པོ་ཞིག་གིས་ཀྲུང་གོའི་ཉི་ནུས་གློག་གཏོང་མ་ལག་གཅིག་རྗེས་གཉིས་མཐུད་ངང་ནང་འདྲེན་བྱས་པས། “འོད་ཤུགས་གློག་གཏོང་གིས་ཕ་ཁི་སི་ཐན་གྱི་བཟོ་ལས་གློག་སྤྱོད་རྣམ་པར་རིམ་གྱིས་ཤུགས་རྐྱེན་ཐེབས་བཞིན་ཡོད”
ནུས་རྒྱུ་གཙང་མ་ནི་འབྱུང་འགྱུར་གྱི་འཕེལ་ཕྱོགས་ཡིན་ཕྱིར་ཀྲུང་གོའི་འོད་ཤུགས་ཐོན་རྫས་ཀྱིས་དེར་བྱས་རྗེས་ཆེན་པོ་བཞག་པ།
ཕ་ཁི་སི་ཐན་གྱི《གླེང་སྟེགས་མྱུར་འཕྲིན》ཐོག་སྙན་ཞུ་ཞིག་དྲངས་ནས། 2018ལོ་ནས་བཟུང་། ཕ་ཁི་སི་ཐན་གྱི་འོད་ཤུགས་གློག་གཏོང་གིས་རྒྱལ་ཁབ་དེར་འབུད་རྫས་ནང་འདྲེན་གྱི་འགྲོ་གྲོན་ཨ་སྒོར་དུང་ཕྱུར་120ཙམ་གྲོན་ཆུང་ཐུབ་ཡོད། མིག་སྔའི་ཁྲོམ་རའི་རིན་གོང་བཞིན་རྩིས་བརྒྱབ་ན། ད་ལོ་འོད་ཤུགས་ཐོན་རྫས་སྤྱད་པ་དེས་སྔོན་དཔག་ལྟར་ན་རྒྱལ་ཁབ་དེར་ཨ་སྒོར་དུང་ཕྱུར་63ཙམ་གྲོན་ཆུང་ཐུབ་རྒྱུ་རེད།
ཕ་ཁི་སི་ཐན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཨཱ་ཐི་ཕུའུ·ཤེ་ཧོ་ཡིས། ནུས་རྒྱུ་གཙང་མ་ནི་ཕ་ཁི་སི་ཐན་གྱི་ནུས་རྒྱུ་འཕེལ་རྒྱས་ཀྱི་འབྱུང་འགྱུར་ཁ་ཕྱོགས་ཤིག་ཡིན་པ་དང་། དེའི་ཁྲོད་ཀྲུང་གོའི་འོད་ཤུགས་ཐོན་རྫས་ཀྱིས་བྱས་རྗེས་ཆེན་པོ་བཞག་ཡོད་ཅེས་བརྗོད།
ཕ་ཁི་སི་ཐན་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སྲིད་ཇུས་ཞིབ་འཇུག་སུའོ“རྒྱུད་གཅིག་ལམ་གཅིག”དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ས་ཁོངས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧཱ་སང·ཏཱ་ཝུའུ་ཏེ་ཡིས་གསར་འགོད་པར། ཀྲུང་གོའི་ཉི་ནུས་གློག་རྫས་ཤེལ་ལེབ་ཀྱིས་ཕ་ཁི་སི་ཐན་ལ་འོད་སྣང་སྦྱིན་ཡོད། “ཀྲུང་གོའི་འོད་ཤུགས་ལྷུ་ལག་གིས་ཕ་ཁི་སི་ཐན་དམངས་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པ་དང་ཁྱིམ་ཚང་གི་གློག་རིན་ཉུང་དུ་བཏང་བ་མ་ཟད། ད་དུང་སྤྱི་པའི་གློག་སྤྱོད་གནོན་ཤུགས་ཆུང་དུ་ཤུགས་ཆེན་བཏང་བས། ཕ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་བརྗོད་པ་རེད།
(འདི་ག་ཚགས་པར་ཁང་དུ་དབྱི་སི་ལམ་པོ་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།