དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་གཉིས་ཀྱི་གྲུ་ཁ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-23

    ཞོགས་པའི་ཉི་གཞོན་གྱི་ཟེར་བརྒྱ་མཐིང་མདོག་གི་མཚོ་མོ་ངང་ལག་རིང་མོའི་ངོས་སུ་འཕྲོས་ཤིང་། གྲུ་ཁའི་ཉེན་དོན་ཁང་གི་ཉེན་ཟོན་གློག་སྒྲོན་སྔ་ས་ནས་འོད་ཆེམ་ཆེམ་དུ་འཕྲོ་བཞིན་འདུག

    ས་བབ་སྨི་4300ཙམ་ཟིན་པའི་ས་མཐོའི་མཚོ་མོ་དེའི་ངོགས་སུ། མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་མཚོ་མོ་ངང་ལག་རིང་མོའི་མཐའ་མཚམས་མངགས་གཏོང་ཁང་གིས་2009ལོ་ནས་འདི་གར་བཅའ་སྲུང་བྱས་ཏེ་ཁོངས་གཏོགས་ཀྱི་སྤྱི་ལེ་181ཟིན་པའི་མཐའ་མཚམས་ལམ་ཐིག་ལ་དོ་དམ་བྱེད་པ་དང་། དེའི་ཁྲོད་ནས་སྤྱི་ལེ་22ནི་ཆུ་ཐོག་གི་རྒྱལ་མཚམས་ལམ་ཐིག་ཡིན་ཞིང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལོ་མང་རིང་ཉིན་གཅིག་ལྟར་བཅའ་སྲུང་བྱས་ནས་ས་ཆ་དེའི་དུས་བདེ་སྲུང་བཞིན་ཡོད།

    གྲུ་ཁའི་ཉེན་དོན་ཁང་2013ལོའི་ཟླ་9པར་བཙུགས་ཤིང་། མིག་སྔར་འདི་གར་བཅའ་སྲུང་བྱེད་མཁན་མི་དམངས་ཉེན་རྟོག་པ་ཀྲང་ཡན་ལུང་དང་དབང་ཝུན་ཀྲུང་གཉིས་ལས་མེད་ཅིང་། ཁོང་གཉིས་ཀྱིས་སེམས་པ་གཅིག་ཏུ་མཐུན་ནས་མཚོ་མོ་འདི་སྲུང་བཞིན་མཆིས།

    སྐྱེ་ཁམས་སྲུང་སྐྱོང་། ས་མཐོའི“སྒུལ་བདེའི་ཉེན་ཟོན་བྱང་བུ”

    མཚོ་མོ་ངང་ལག་རིང་མོའི་སྐྱེ་ཁམས་ཧ་ཅང་ཉམས་ཞན་ཡིན་པས། སྔོ་ཁེབས་སླར་གསོ་ཧ་ཅང་བྱེད་ཁག་པོ་རེད། ཉེན་དོན་མི་དམངས་ཉེན་རྟོག་པས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་འདི་སྲུང་སྐྱོང་ཡག་པོ་བྱེད་པ་དེ་མཐའ་མཚམས་སྲུང་སྐྱོང་བྱེད་པ་དང་གལ་ཆེ་མཉམ་འཛིན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཟླ་7ཚེས་22ཉིན་གྱི་ཕྱི་དྲོར། ཀྲང་ཡན་ལུང་སྐོར་གཡེང་ལ་འགྲོ་སྐབས་ཡུལ་སྐོར་བ་ཞིག་གིས་ཉ་ཐིག་དང་ཆུ་ཟོམ་འཁྱེར་ཏེ་མཚོ་འགྲམ་དུ་འགྲོ་བ་མཐོང་བ་དང་། འཕྲལ་མར“ཁམས་བཟང་། འདི་ནི་སྐྱེ་ཁམས་སྲུང་སྐྱོང་ཁུལ་ཡིན་པས། ཉ་འཛིན་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་སྤེལ་མི་ཆོག”ཅེས་ཡུལ་སྐོར་བ་དེར་དེ་ནས་ཁ་བྲལ་དགོས་པའི་ཁ་ཏ་བསླབ་བྱ་བྱས།

    སེམས་རྩ་འཁོལ་བའི་བསླབ་བྱ་ཁྲིད་སྟོན་གྱི་རྣམ་པ་དེ་འདྲ་ཉེན་དོན་ཁང་གིས་ལས་དོན་སྒྲུབ་སྐབས་རྟག་ཏུ་འཕྲད་ཀྱི་ཡོད། ད་ལོ་ཚུན་དུ་ཉེན་དོན་ཁང་གི་མི་དམངས་ཉེན་རྟོག་པས་སྐོར་གཡེང་བྱེད་སྐབས་རང་དགར་བྱ་ངུར་པ་དང་། བོད་ཀྱི་གཞུ་ཉ་སོགས་སྲུང་སྐྱོང་སྲོག་ཆགས་རང་དགར་བཟུང་བའི་དོན་རྐྱེན་20ལྷག་ཤེས་རྟོགས་ཐུབ་པ་དང་འབྲེལ་ཐག་གཅོད་བྱས་ཡོད། མང་ཚོགས་འཕྲད་སྐབས་ཁོང་ཚོས་ངང་རྒྱུད་རིང་པོས་སྲིད་ཇུས་དང་ཚན་རིག་ཤེས་བྱ་འགྲེལ་བཤད་གང་ཐུབ་བྱས་ཏེ་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་སྲུང་སྐྱོང་ཧུར་ཐག་བྱེད་བཞིན་མཆིས།

    རི་སྐྱེས་སྲོག་ཆགས་རྨས་མ་སྐྱོབ་བཅོས་བྱ་རྒྱུ་དེ་མི་དམངས་ཉེན་རྟོག་པ་གཉིས་པོའི་ཉིན་རེའི་ལས་དོན་ཁྲོད་འཕྲད་པའི་དོན་ཆུང་ཞིག་དེ་བས་རེད། 2025ལོའི་ཟླ་8པར་ཀྲང་ཡན་ལུང་དང་ལས་རོགས་ཀྱིས་འདམ་རར་སྐོར་གཡེང་བྱེད་སྐབས་རྒྱང་རིང་ན་ཁྲུང་ཁྲུང་མགོ་ཁྲ་ཞིག་འཕུར་མ་ཐུབ་པར་རང་སར་སྐོར་བ་བརྒྱབ་ནས་ཡོད་པ་མཐོང་བས། ཁོང་གཉིས་ཀྱིས་འཕྲལ་དུ་དེ་གར་བསྐྱོད་ནས་ཞིབ་པར་ལྟ་སྐབས་ཁྲུང་ཁྲུང་མགོ་ཁྲ་དེའི་གཤོག་པར་རྨས་སྐྱོན་ཕོག་ཡོད་པ་རེད། དེ་རྗེས་ཁོང་ཚོས་ཁྲུང་ཁྲུང་མགོ་ཁྲ་དེ་གཟབ་ནན་ངང་ཉེན་དོན་ཁང་དུ་འཁྲིད་ནས་ལྟ་རྟོག་ཞིབ་ཚགས་བྱས་པས་རིམ་གྱིས་དྲག་སྐྱེད་བྱུང་སྟེ་རང་དགར་འཕུར་ཐུབ་རྗེས་མཚོ་མོའི་འགྲམ་དུ་བསྐྱལ་ནས་ཡངས་པའི་བར་སྣང་དབྱིངས་སུ་གཤོག་རྩམ་ངོམས་སུ་བཅུག

    ལོ་དེ་དག་རིང་ཉེ་འགྲམ་ནས་མཐོང་ཐུབ་པའི་འགྱུར་ལྡོག་སྐོར་གླེང་སྐབས་ཀྲང་ཡན་ལུང་གིས“ད་ཆ་མཚོ་མོ་ངང་ལྷ་རིང་མོའི་སྐྱེ་ཁམས་སྔར་བས་ཡག་ཏུ་འགྲོ་བཞིན་འདུག” ཆར་ཆུ་སྔོན་མ་ལས་འབེལ་དུ་སོང་བས་དེ་སྔ་སྐྱ་ཐེར་ཐེར་དུ་གནས་པའི་རི་བོ་དག་ཀྱང་རིམ་གྱིས་སྔོ་མདངས་རྒྱས་ཡོང་གི་འདུག་ཅེས་བཤད།

    ཡུལ་སྐོར་ཞབས་ཞུ། ལས་མཚམས་མི་འཇོག་པའི“མཚོ་འགྲམ་གྱི་འབབ་ཚུགས”

    དབྱར་ཁ་ནི་མཚོ་མོ་ངང་ལྷ་རིང་མོ་མཛེས་ཤོས་ཀྱི་དུས་ཚིགས་ཡིན་པས། རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་མང་དག་ཅིག་དེ་གར་ཡོང་བའི་ཡིད་དབང་བཀུག་ཡོད། ཡུལ་སྐོར་བ་མང་བའི་དུས་ཚིགས་སྐབས་ཉེན་དོན་ཁང་ཡང་བྲེལ་བ་ཤིན་ཏུ་ཆེ་ཞིང་། ཉིན་གཅིག་ལ་ཡུལ་སྐོར་བའི་རོགས་སྐྱོར་རེ་ཞུ་ཐེངས་བཅུ་གྲངས་འབྱོར་བ་ནི་རྒྱུན་གཏན་ཡིན་ཞིང་། དེའི་ཁྲོད“ལམ་འདྲི་མཁན་དང་ཅ་དངོས་བོར་བརླག་སོང་བ་མང་པོ་ཡོད”

    ཟླ་5ཚེས་27ཉིན་ལོ་ལྔ་བཅུ་ལྷག་ཟིན་པའི་ཧྲན་ཏུང་གི་བཟའ་ཚོ་གཉིས་བྲེལ་འཚུབ་ངང་ཉེན་དོན་ཁང་དུ་རོགས་སྐྱོབ་རེ་ཞུ་བྱེད་པར་འོང་།

    ཁོང་གཉིས་ཀྱི་གསོ་རླུང་དབུགས་དམ་གྱི་གསོ་རླུང་རྫོགས་ནས་རུ་ཐོག་རྫོང་མི་དམངས་སྨན་ཁང་ནས་གསོ་རླུང་བླུགས་ལོངས་བྱུང་མེད། ཕྱི་ཉིན་ཤིན་ཅང་དུ་ཐོན་རྩིས་ཡོད་ཀྱང་གསོ་རླུང་མེད་པས་སེམས་ཁྲལ་ཆེན་པོ་ལངས། ཡུལ་སྐོར་བའི་དཀའ་གནད་ཤེས་རྟོགས་བྱུང་རྗེས་དབང་ཝུན་ཀྲུང་གིས་འཕྲལ་དུ་ཉེ་འགྲམ་གྱི་བཅའ་སྡོད་དཔུང་སྡེ་དང་འབྲེལ་བ་བྱས་ནས་ཡུལ་སྐོར་བ་གཉིས་ཁྲིད་དེ་གསོ་རླུང་བླུགས་རོགས་བྱས་པ་རེད། དཀའ་གནད་བདེ་བླག་ངང་ཐག་གཅོད་བྱུང་བས་བཟའ་ཚོ་གཉིས་གཞི་ནས་སེམས་ལྷོད་ལ་བབས་ཏེ་ཤིན་ཅང་དུ་བསྐྱོད་ཐུབ་པ་དང་ཁ་བྲལ་སྐབས་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད།

    ཡུལ་སྐོར་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་ཆེད། མཚོ་མོ་ངང་ལྷ་རིང་མོའི་མཐའ་མཚམས་མངགས་གཏོང་ཁང་གིས་ཡུལ་སྐོར་ཉེན་རྟོག་ལས་དོན་སྤེལ་སྟངས་འཚོལ་ཞིབ་བྱས་པ་དང་། མཛེས་ལྗོངས་ཁུལ་གྱི་གྲུ་ཁར་ཉེན་དོན་ཁང་བཙུགས་ནས་ཉེན་རྟོག་ལས་དོན་གྱི་ཞབས་ཞུའི་འཐབ་ས་ཡུལ་སྐོར་བ་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁོངས་སུ་སྤོས་ཏེ་ཆུ་ཚོད་24ཡི་རིང་ས་ཚིགས་ནས་ཞབས་འདེགས་ཞུ་བའི་ལམ་ལུགས་ལག་བསྟར་བྱས་ནས“མཛེས་ལྗོངས་ཁུལ་དུ་ཉེན་རྟོག་ས་ཚིགས་ཡོད་པ་དང་། ལམ་རྒྱུད་དུ་སྐོར་གཡེང་ཡོད་པ། རོགས་སྐྱོབ་རེ་ཞུར་བརྡ་ལན་ཡོད་པ”བཅས་བྱས་པ་རེད།

    མཐའ་མཚམས་བརྟན་སྲུང་། མི་གཉིས་ཀྱི“སྒུལ་བདེའི་ས་མཚམས་རྡོ་རིང”

    མི་གཉིས་ཀྱིས་སེམས་པ་གཅིག་ཏུ་བསྒྲིལ་ནས་མཚོ་མོ་བརྟན་པོར་བསྲུངས།

    ལོ་35ལ་སླེབས་པའི་ཀྲང་ཡན་ལུང་ནི་མཚོ་སྔོན་ཟི་ལིང་ནས་ཡིན་ཞིང་། 2008ལོར། དམག་དཔུང་ལ་ཞུགས་ཏེ་མཚོ་མོ་ངང་ལྷ་རིང་མོའི་མཐའ་སྲུང་མངགས་གཏོང་ཁང་དུ་ལས་ཀར་ཡོང་། གྲུ་ཁའི་ཉེན་དོན་ཁང་བཙུགས་རྗེས་ཁོང་དེ་གར་ཡུན་རིང་བཅའ་སྡོད་བྱས་ཤིང་། ལམ་ལུགས་སྒྱུར་བཅོས་མ་བྱས་གོང་གི་དུས་ཚོད་དག་བརྩིས་ཚེ་ཁོང་གིས་མཚོ་མོ་ངང་ལྷ་རིང་མོ་བརྟན་སྲུང་བྱས་ནས་ལོ་18འགྲོ་ཡི་ཡོད་པ་རེད།

    “ཐོག་མར་དེ་གར་སླེབས་དུས་ཆུ་དང་གློག་མེད་པ་མ་ཟད། ལྕགས་ཤོག་ཁང་པའི་ནང་ཉལ་ཁྲི་གཉིས་ལས་མེད་པ་དང་ཆར་པ་བབས་དུས་ཐིགས་པ་ཡང་སེ་རྒྱག་གི་ཡོད། འཐུང་ཆུ་དང་རྒྱུན་ལྡན་འཚོ་བའི་ཐད་སྤྱོད་པའི་ཆུ་ཚང་མ་མཚོ་དེར་བརྟེན་དགོས་པ་དང་རྒྱུན་སྤྱོད་གློག་ཀྱང་ཉི་ནུས་གློག་གསོག་ལ་བརྟེན་དགོས་ཀྱི་ཡོད། ད་ཆ་ཆ་རྐྱེན་ཡག་ཏུ་ཕྱིན་ནས་ཁྲོན་ཆུ་གཙང་མ་འཐུང་རྒྱུ་ཡོད་པ་དང་རྒྱལ་ཁབ་གློག་དྲ་ནས་གློག་འཁྲིད་ཡོད”ཅེས་ཀྲང་ཡན་ལུང་གིས་དྲན་གསོ་བྱེད་བཞིན་དུ་བཤད།

    མཚོ་དེ་དང་ས་ཆ་དེ་སྔ་ས་ནས་ཁོང་གི་འཚོ་བའི་ནང་གི་ཆ་ཤས་ཤིག་ཏུ་གྱུར་ནས་བློས་མི་ཐོངས་བའི་བརྩེ་བ་ཟབ་མོ་ཆགས་ཡོད། “ལོ་བཅུ་གྲངས་འདས་སོང་། ཉེ་འཁོར་གྱི་ཡུལ་མི་དང་ཧ་ཅང་འཆམ་པོ་ཡོད་ལ་ཡུལ་མི་མང་པོ་ཞིག་དང་གྲོགས་པོའང་ཡིན། ས་ཆ་དེར་བསྡད་ནས་ཡུན་རིང་སོང་བས་དངོས་གནས་བློས་ཐོངས་ཀྱི་མི་འདུག”ཅེས་ཀྲང་ཡན་ལུང་གིས་བཤད།

    ལོ་41ལ་སླེབས་པའི་དབང་ཝུན་ཀྲུང་ནི་ཧུའུ་ནན་ཁྲང་ཏེ་ནས་ཡིན་པ་དང་མཚོ་མོ་ངང་ལྷ་རིང་མོ་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་གཞོན་པ་རེད། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ས་བབ་མཐོ་དམན་གྱི་སྤེལ་རེས་ལམ་སྲོལ་གཞིར་བཟུང་། 2024ལོའི་ཟླ་8པར། ཁོང་གིས་རང་འགུལ་ངང་མཚོ་མོ་ངང་ལྷ་རིང་མོར་ལས་ཀ་བྱེད་པར་ཡོང་རྒྱུའི་རེ་ཞུ་བྱས།“ཕྱོགས་གཅིག་ནས་ང་རང་མངའ་རིས་སུ་ཡོང་མྱོང་མེད་པས་དེ་གར་ཡོང་འདོད་འདུག ཕྱོགས་གཞན་ཞིག་ནས་ས་བབ་མཐོ་བའི་ས་ཁུལ་དུ་སྦྱོང་བརྡར་བྱེད་དགོས་བསམ་བྱུང”ཞེས་བཤད།

    མཚོ་མོ་ངང་ལྷ་རིང་མོའི་འགྲམ་དུ་ཁོང་གཉིས་ཀྱིས་ཉིན་ལྟར་སྔ་དྲོ་དང་ཕྱི་དྲོ་སྐོར་གཡེང་ལ་ཐེངས་རེ་མཉམ་དུ་འགྲོ་ཡི་ཡོད། འགྲུལ་རྒྱུན་ལ་གཞིགས་ཏེ་རླངས་འཁོར་བཏང་ནས་སྐོར་གཡེང་དང་རྐང་ཐང་མར་སྐོར་གཡེང་བྱེད་དགོས་མིན་གདམ་ག་བྱེད་ཀྱི་ཡོད། “ས་མཐོའི་མཐའ་མཚམས་ཁོར་ཡུག་རྙོག་འཛིང་ཆེ་བས་ངེས་པར་དུ་མི་གཉིས་མཉམ་དུ་སྐོར་གཡེང་བྱེད་པར་འགྲོ་དགོས་ཀྱི་ཡོད། དེ་ལྟར་མ་བྱས་ཚེ་ཐོལ་བྱུང་དོན་རྐྱེན་འཕྲད་སྐབས་ཐག་གཅོད་བྱེད་ཁག་པོ་ཡོད”

    ཡུན་རིང་བརྟན་སྲུང་གི་ལས་རེས་དུས་ཚོད་ནང་གཅིག་ཕན་གཅིག་རོགས་བྱས་ནས་ཕན་ཚུན་བརྩེ་བ་ཟབ་མོ་ཆགས་ཡོད། རྒྱུན་དུ་མི་གཉིས་ཀྱིས་མཉམ་དུ་ལྟོ་བཟོ་བ་དང་མཉམ་དུ་ཕོར་པ་བཀྲུ་བ་སོགས་བྱས་ཏེ་གཡོ་ཟོལ་བྱེད་མཁན་མེད་པ་རེད། དབང་ཝུན་ཀྲུང་གིས“ཀྲང་ཡན་ལུང་ནི་བབ་ཆགས་ལ་འཇོན་ཐང་ཆེ་བ་དང་སྐད་ཆ་ཤོད་རྒྱུར་དེ་ཙམ་དགའ་པོ་མེད། འོན་ཀྱང་ང་རང་ཁ་གསང་པོ་ཡོད་པས་གཤིས་ཀ་མཐུན་ནས་ཧ་ཅང་འཆམ་པོ་ཡོད”ཅེས་བཤད།

    “ང་ཚོས་ཉིན་ལྟར་བྱེད་པའི་ལས་ཀ་ནི་སྐད་གྲགས་ཆོད་པའི་བྱ་བ་ཆེན་པོ་ཞིག་མིན་པར་མང་ཆེ་བ་ནི་སྤྱིར་བཏང་གི་བྱ་བ་ཆུང་ཙག་ཡིན་མོད། འོན་ཀྱང་དེ་གར་ང་ཚོ་དགོས་མཁོ་ཡོད་པས་ང་ཚོས་བརྟན་སྲུང་ཡག་པོ་བྱེད་དགོས”ཞེས་དབང་ཝུན་ཀྲུང་གིས་སེམས་ཤུགས་ཆེན་པོས་དེ་ལྟར་བཤད།

    མི་གཉིས་ཀྱི་གྲུ་ཁའི་ཉེན་དོན་ཁང་ནི་མཚོ་འགྲམ་གྱི་མི་ནུབ་པའི་གློག་སྒྲོན་དང་མཐའ་མཚམས་རྒྱུད་ཀྱི་སྒུལ་བདེའི“ས་མཚམས་རྡོ་རིང”ལྟ་བུ་རེད། སྐྱེ་ཁམས་སྲུང་སྐྱོང་དང་། ཡུལ་སྐོར་བར་ཞབས་ཞུ། མཐའ་མཚམས་བརྟན་སྲུང་བཅས་བྱས་ནས་ས་བབ་སྨི་4300ཡི་ས་མཐོར་མི་གཉིས་སེམས་པ་གཅིག་ཏུ་བསྒྲིལ་ནས་མཚོ་མོ་སྲུང་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།