བོད་ཤར་གྱི་ཤང་ཆུང་ངུ་ཞིག་གིས་བྱ་དགའི་རྟགས་མ་13བླངས་པ།
——ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རྔེ་གཤིས་ཤང་གིས་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་ནང་ཨང་དང་པོ་བླངས་པའི་སྐོར་བཀོད་པ།
2026ལོའི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་འགྲན་བསྡུར་གྱི་བསྐྱར་བསྡུར་གྱི་བྱ་དགའ་སྤྲོད་ཡུལ་དུ་མི་སེམས་འགུལ་བའི་རྣམ་པ་ཡང་ཡང་ཐོན་པ་སྟེ། གཙོ་སྐྱོང་བས“རྔེ་གཤིས་ཤང”ཞེས་ཐེངས་མང་བཀླགས་པ་དང་། རྔེ་གཤིས་ཤང་ནས་མངགས་པའི་བདམས་ཐོན་པ་25ཡིས་མཐར་བྱ་དགའ་ཨང་དང་པོ་6དང་། བྱ་དགའ་ཨང་གཉིས་པ་3 བྱ་དགའ་ཨང་གསུམ་པ་4བཅས་ཀྱི་བྱ་དགའི་རྟགས་མ་བསྡོམས་13བླངས་ཏེ་འགྲན་བསྡུར་ནང་ཞུགས་པའི་རྣམ་གྲངས་ཚང་མར་བྱ་དགའ་རག་ཡོད་པ་རེད།
མི་འབོར་སྟོང་ཕྲག་ཁ་ཤས་ལས་མེད་པའི་བོད་ཤར་གྱི་ཤང་ཆུང་ངུ་ཞིག་ལ་འགྲན་བསྡུར་ཆེན་པོའི་ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་དོན་ཅི་ཡིན་ནམ། ཉེ་ཆར་གསར་འགོད་པ་རྔེ་གཤིས་ཤང་དུ་བྱ་དགའི་རྟགས་མ་བླངས་པའི་གཏམ་རྒྱུད་རྩད་འདྲི་བྱེད་པར་སོང་བ་ཡིན།
ལོ་52ལ་སླེབས་པའི་ཚེ་དགའ་ནི་བོད་བཟོའི་རྩིག་པ་རྒྱག་པའི་འགྲན་རའི་ལོ་ན་ཆེ་ཤོས་ཀྱི་འགྲན་ཞུགས་པ་ཡིན་ནའང། ན་གཞོན་ཚོ་་དང་མཉམ་དུ་ནུས་རྩལ་འགྲན་སྐབས་གཞོན་་ཉམས་སྤུ་ཙམ་ཡང་ཤོར་མེད་ཅིང་། ས་ཐིག་རྒྱག་པ་དང་། སོ་ཕག་འདེམས་པ། ཞལ་བ་གཏོང་བ། རྩིག་པ་རྒྱག་པ་སོགས་ལྷུ་ཚིགས་རེ་རེ་བཞིན་གནད་ལ་འཁེལ་ཞིང་ཚད་དང་ལྡན། ཁོང་གི་དུས་སུ་སླེབས་པའི་མི་རབས་གསུམ་རྒྱུན་འཛིན་ཐུབ་པའི་ལག་ཤེས་དེར་སྲོལ་རྒྱུན་གྱི་བོད་བཟོའི་སྐྲུན་དངོས་ཀྱི་མཛེས་དཔྱད་ལྟེ་བའི་ཉིང་བཅུད་སོར་ཉར་བྱས་པ་མ་ཟད། དེང་རབས་ཀྱི་ཡོམ་འགོག་ཚད་གཞིའང་ལྡན་ཡོད། “གཞུང་འཁྱོངས་གསར་འབྱེད”ཀྱི་རྩལ་ནུས་དེར་བརྟེན་ཏེ་བདམས་ཐོན་པ་30ལྷག་ཙམ་ཁྲོད་ནས་ཁོང་ལ་ཨང་དང་པོ་ཐོབ།
“གྱང་རྩིག་ལས་ཀ་བྱས་ནས་ལོ་སུམ་ཅུ་ལྷག་ཙམ་ཕྱིན་སོང་། ཏང་དང་སྲིད་གཞུང་གིས་སྲོལ་རྒྱུན་ལག་ཤེས་ངོམ་སྟོན་གྱི་གར་སྟེགས་ཆེན་པོ་འདི་འདྲ་སྐྲུན་ཡོང་བསམས་མ་བྱུང”ཞེས་ཚེ་དགའ་ཡིས་བཤད་ཅིང་། ཚེ་དགར་བྱ་དགའ་རག་རྗེས་ཉེ་རྒྱང་གང་ས་ནས་གླ་བའི་དབུ་ཆེ་མོར་གྱུར་ཏེ་ཉིན་གླ་སྒོར་200ནས་500བར་འཕར་ཡོད། འོན་ཀྱང་ཁོང་གིས་ལག་ཤེས་རྒྱུན་འཛིན་དེ་བས་གཙིགས་སུ་བཟུང་ནས“ངས་ལག་ཤེས་པ་དེ་བས་མང་བ་རྩལ་ནུས་ལ་བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།
རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་རར། རྔེ་གཤིས་ཤང་གི་གཞི་རིམ་སྒྲོག་འགྲེལ་པ་བརྩོན་འགྲུས་ཆོས་སྐྱིད་ཀྱི་གཏམ་རྒྱུད་ལས་གསན་པ་པོ་ཡོངས་སེམས་འགུལ་ཐེབས་ཤིང་། ཁོ་མོས་དེ་སྔ་ཡི་གེ་ན་གཅིག་ཤེས་ཀྱི་མེད། གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག་རང་ཉིད་ཀྱི་མིང་འབྲི་བ་ནས་འགོ་བཙུགས་ཏེ་ཡི་གེ་རེ་རེ་བཞིན་སྦྱངས་ཏེ་སྤྱི་སྐད་ཤེས་བྱུང་ཞེས་བཤད། “དེ་སྔོན་ངས་མིང་ཡང་ཡག་པོ་འབྲི་ཐུབ་ཀྱི་མེད། དེ་རིང་ཁ་རུབ་ཆུས་ཀྱི་གར་སྟེགས་ཐོག་ལངས་ནས་ངས་ཡུལ་མི་སྤུན་ཟླ་ཚོའི་ཚབ་བྱས་ཏེ་གུང་ཁྲན་ཏང་ནི་ང་ཚོའི་ལམ་སྟོན་པ་ཡིན་ཞེས་ཤོད་འདོད་ཡོད”ཅེས་པའི་ཁོ་མོའི་བབ་ཆགས་པའི་གཏམ་བཤད་ལ་བྱ་དགའ་ཨང་དང་པོ་ཐོབ། ཕ་ཡུལ་དུ་ལོག་རྗེས་ཁོ་མོས་ཞིང་པའི་དཔེ་ཁང་དུ་མཚན་མོའི་སྤྱི་སྐད་སློབ་ཚན་འཚོགས་ཤིང་། དགོང་ལྟར་གཞོན་ནུ་ཚོ་སློབ་སྦྱོང་བྱེད་པར་ཡོང་གི་ཡོད་པས་གྲོང་ཚོའི་ནང་དགའ་བསུ་ཆེན་པོ་ཐོབ་པའི་དགེ་རྒན་ཞིག་ཏུ་གྱུར།
བྱ་དགའི་རྟགས་མ་ནི་གཟི་བརྗིད་རེད་ལ་ཤེས་ལྡན་པ་སྐྱོང་བའི་ཞིབ་བཤེར་བྱེད་ཐབས་ཤིག་ཀྱང་རེད། འགྲན་བསྡུར་མཇུག་འགྲིལ་རྗེས། རྔེ་གཤིས་ཤང་གིས་ལྕགས་ཚ་ཐོག་ལ་བརྡུངས་ནས་བྱ་དགའ་ཐོབ་མཁན་སྒྲིག་འཛུགས་ཀྱིས“རྩལ་ནུས་སྒྲོག་འགྲེལ་ཚོགས་པ”བཙུགས་ཏེ་གྲོང་ཚོ་ཁག་ཏུ“བརྒྱུད་རོགས་ཁྲིད་གསུམ”བྱེད་པར་བསྐྱོད། གསེར་གྱི་རྟགས་མ་ཐོབ་པའི་བདམས་ཐོན་པས་ཞིང་ནང་དང་མུ་ཁ་དང་གསོ་སྦྱོང་སློབ་ཁང་དུ་བསྐྱོད་དེ་ལག་རྩལ་དང་ཉམས་མྱོང་དམར་ཁྲིད་བྱས་པས“འགྲན་བསྡུར་ལ་བརྟེན་ནས་ཤེས་ལྡན་པ་གསོ་སྐྱོང་དང་འགྲན་བསྡུར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི”ཕན་འབྲས་ལྡབ་འགྱུར་མངོན་བཞིན་ཡོད།
གྲུབ་འབྲས་མངོན་གསལ་དོད་པོ་འདི་ནི་རྔེ་གཤིས་ཤང་གི“ཤེས་ལྡན་པའི་དར་རྒྱས”ཀྱི་མ་ལག་བཀོད་ཇུས་ལས་བྱུང་བ་ཞིག་རེད། རྔེ་གཤིས་ཤང་གི་དྲིལ་བསྒྲགས་ཨུ་ཡོན་རིན་ཆེན་འགྱུར་མེད་ཀྱིས། ད་ལོ་ཚུན་དུ་ཤང་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་རིམ་པའི་འགྲན་བསྡུར་ནང་ཞུགས་རྒྱུ་དེ“འགྲན་བསྡུར་ལ་བརྟེན་ནས་ཤེས་ལྡན་པ་འདེམས་སྒྲུག་དང་འགྲན་བསྡུར་ལ་བརྟེན་ནས་གསོ་སྦྱོང་ལ་སྐུལ་འདེད་གཏོང་བའི”དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཏེ“འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པ་དང་། ཁག་བགོས་འགན་འཁུར་འགོ་ཁྲིད་ཀྱིས་སྐུལ་འདེད་གཏོང་བ། ཆེད་མི་དང་ཆེད་སྒྲུབ་ཚོགས་ཆུང་གིས་དོན་འཁྱོལ་བྱེད་པ”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཡོད། འགྲན་བསྡུར་མ་བྱས་གོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གིས་བདམས་ཐོན་པར་ཟླ་བ་གཅིག་རིང་གི་བཀག་སྡོམ་རྣམ་པའི་མཉམ་སྡེབ་སྦྱོང་བརྡར་བྱས་ཤིང་། རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ནས་དངོས་སྤྱོད་རྩལ་ནུས་བར་དང་། སེམས་ཁམས་སྙོམས་སྒྲིག་ནས་སྐབས་བབ་ཀྱི་རྩལ་ནུས་ངོམ་སྟོན་བར་བརྒྱུད་རིམ་ཧྲིལ་པོ་གདུབ་ཟུམ་གསོ་སྦྱོང་བྱས་ཏེ་བདམས་ཐོན་པས་རྩལ་ནུས་ངོམ་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསར་འགོད་པར་ངོ་སྤྲོད་བྱས།
ལོ་52ལ་སླེབས་པའི་ལག་ཤེས་པ་རྒན་གྲས་ནས་འཚར་ལོངས་འབྱུང་བཞིན་པའི་ན་གཞོན་སྒྲོག་འགྲེལ་པའི་བར་དང་བོད་བཟོའི་རྩིག་རྒྱག་རྒྱུན་འཛིན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གདེང་ཚོད་ཆེན་པོས་ཤོད་པའི་བར། རྔེ་གཤིས་ཤང་གི་བདམས་ཐོན་པ་25ཡིས་བྱ་དགའ་ཆེན་པོ་13བླངས་ཏེ་ས་མཐོའི་ཤང་ཆུང་ངུ་ཞིག་གིས་ཤེས་ལྡན་པའི་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་གཏམ་རྒྱུད་ཅིག་བརྩམས་ཡོད།
འབྲེལ་ཡོད་གསར་འགྱུར།