སྤྲོ་འཕེལ་འཛད་སྤྱོད་ལ་ཁྱད་ཆོས“གསར་པ”གང་དག་ལྡན་ཡོད་དམ།
རིག་གནས་བསམ་བཀོད་ཐོན་རྫས་སྣ་ཚོགས་ལ་ན་གཞོན་མི་ཉུང་བ་ཞིག་གི་དགའ་བསུ་ཐོབ་ཡོད་ལ། ནམ་རྒྱུན་ནས་འབྲེལ་ལམ་སྨྱན་སྦྱོར་ཐོག་དྲ་གྲོགས་མི་ཉུང་བ་ཞིག་གིས་རྟག་ཏུ“སྲན་སྒྲིག”བྱས་པ་ངོམ་སྟོན་བྱེད་ཀྱི་ཡོད། ད་འོ་ན་ན་གཞོན་རྣམས་ཚོང་ཟོག་དེ་རིགས་ལ་དབྱིངས་ཞུགས་དོན་ག་རེ་ཡིན་ནམ།
——མི་དམངས་དྲ་བའི་དྲ་གྲོགས་ཀྱིས།
དྲི་བ་དེར་ལན་མ་བཏབ་གོང་སྔོན་ལ་ད་ཆའི་ན་གཞོན་ཚོར་ལྟ་ཞིབ་རེ་བྱེད་དགོས།
ལས་ཐག་བཅད་རྗེས་མེ་ཏོག་ཆུན་པོ་ཞིག་ཉོས་ནས་ལས་ཀ་ཧུར་ཐག་བྱེད་མཁན་གྱི་རང་ཉིད་ལ་རྔན་པ་ཞིག་སྤྲོད་པ་དང་། ཁྲོམ་ལ་འགྲོ་སྐབས་དར་སོའི་རྩེད་ཆས་ཚོང་ཁང་ནས་མུན་སྒམ་གསར་པ་ཞིག་ཉོས་ཏེ་སྤྲོ་སྣང་འཕེལ་ཐབས་བྱེད་པ། གཟའ་མཇུག་ལ་རང་གིས་དད་མོས་བྱེད་སའི་གཞས་པ་གཞས་མའི་གླུ་གཞས་འདུ་ཚོགས་ལ་ལྟ་ཆེད་ལེ་དབར་སྟོང་ཕྲག་མང་པོའི་སར་འགྲོ་བ་སོགས་འཚོ་བའི་ཁྲོད་ཀྱི་སྣང་ཚུལ་ཙག་ཙིག་དེ་ཚོ་ལས་ང་ཚོས་ན་གཞོན་སྔར་ལས་མང་བའི་འཛད་སྤྱོད་བསམ་བློ་དེ“ནུས་གོང་གཉིས་བསྡུར”ལ་དོ་ཁུར་བྱེད་པ་ནས“བློ་མོས་ཡོད་མེད”ལ་དོ་སྣང་བྱེད་པར་འགྱུར་བ་ཕྱིན་པ་མཐོང་ཐུབ།
གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་སྤྲོ་འཕེལ་འཛད་སྤྱོད་ཀྱི་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་2.72ཟིན་པ་དེས་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མཚོན་གྱི་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཟབ་མོའང་མངོན་གྱི་ཡོད།
འཛད་སྤྱོད་ཀྱི་འཕེལ་ཕྱོགས་གསར་པ་དེར་ཡང་སྙིང“གསར་པའི”ཁྱད་ཆོས་གང་ཞིག་ཡོད་དམ།
དེར་འཛད་སྤྱོད་འདུ་ཤེས་ཀྱི“གསར་པའི”ཁྱད་ཆོས་ཤིག་ཡོད་ཅིང་། ལྟོ་གོས་འཕྱིད་ཐབས་བྱེད་པ་ནས་རེ་སྨོན་དང་ཕུགས་འདུན་གྱི་ཆེད་དུ་ཕངས་སེམས་མེད་པར་འགྲོ་སོང་གཏོང་བའི་བར་འཛད་སྤྱོད་ཀྱི་ལྟ་བར་འགྱུར་ལྡོག་ཕྱིན་པ་དེའི་རྒྱབ་ཏུ་དངོས་པོའི་ཆ་རྐྱེན་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད་ལ། འཛད་སྤྱོད་ཀྱི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་བྱུང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་ཞབས་ཞུའི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་5%འཕར་བ་དེ་ཚོང་ཟོག་སིལ་ཚོང་དངུལ་འབོར་གྱི་འཕར་ཚད་ལས་ཧ་ཅང་མགྱོགས་པ་ཡོད་པ་དེ་ལས་མི་རྣམས་ཀྱིས“ཉམས་ལེན”དང“མྱོང་ཚོར”ལ་འགྲོ་སོང་གཏོང་འདོད་སྔར་ལས་མང་བ་བྱེད་པ་དེ་གསལ་བཤད་ཐུབ་ཀྱི་ཡོད།
ད་དུང་འཛད་སྤྱོད་བྱེད་པོའི“གསར་པའི”ཁྱད་ཆོས་ཤིག་ཡོད་ཅིང་། ན་གཞོན་མི་རབས་ཚོས་རང་ཉིད་ཀྱི་ལྟ་ཚུལ་ལ་བརྟེན་ནས“ཚོང་ཟོག་ག་རེ་ཉོ་རིན་ཡོད་པ”ཞིག་ཡིན་པར་བསྐྱར་དུ་གཏན་འཁེལ་བྱེད་བཞིན་ཡོད། ཁོང་ཚོས“གཞན་གྱིས་ཡག་པོ་འདུག་སྙམ་པ”དེ་ཁས་མ་བླངས་པར“ངས་བལྟས་ན་ཡག་པོ་རེད་སྙམ་པ”དེ་བརྩོན་ལེན་བྱེད་བཞིན་ཡོད། གྲགས་ཅན་གྱི་ལན་སྤར་གོང་ཆེན་པོ་དེར་རྨོངས་ཞེན་མི་བྱེད་པར་རང་ཉིད་ཀྱི་འདོད་མོས་དང་མཐུན་པའི་ཉམས་ལེན་དམིགས་བསལ་བ་དེར་འགྲོ་སོང་གཏོང་འདོད་བྱེད་ཀྱི་ཡོད། “གཞན་དབང་གིས་དང་ལེན”བྱེད་པ་ནས“རང་འགུལ་གྱིས་གཏན་འཁེལ”བྱེད་པའི་བར་ད་ཆའི་ན་གཞོན་ཚོས“གྲོན་ཆུང་བྱེད་དགོས་སར་གྲོན་ཆུང་དང་གཏོང་དགོས་སར་གཏོང་རྐྱང་བྱེད་པ”དེ་ཉིད་འཛད་སྤྱོད་འཕེལ་ཕྱོགས་ཀྱི་འདོད་དོན་གཙོ་བོ་ཞིག་ཏུ་གྱུར་བཞིན་ཡོད།
གཞན་ཡང་འཛད་སྤྱོད་དམིགས་ཡུལ་གྱི“གསར་པའི”ཁྱད་ཆོས་ཤིག་ཡོད་ཅིང་། “དགོས་ངེས་ལ་འགྲོ་སོང་གཏོང་རྒྱུ”དང“སྤྲོ་སྣང་ཆེད་དུ་འགྲོ་སོང་གཏོང་རྒྱུ”གཉིས་ཀར་དོ་སྣང་བྱ་རྒྱུ་དེ་མིག་སྔའི་འཛད་སྤྱོད་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད། “ཤིན་ཅང་གི་ལུ་གུ”ནི་མ་གཞི་རྩེད་ཆས་ཤིག་ཡིན་ཡང་ཚང་མའི་ཚབ་བྱས་ནས“ཁུ་སིམ་དབེན་འཇམ་གྱི་འཚོ་བ་ཡང་སེམས་ནུས་ཡོད་རྒུས་ཡག་པོ་སྐྱེལ་དགོས་པའི”བསམ་འདུན་བརྗོད་ཡོད། འགྲུལ་བཞུད་ཀྱི་ཆེད་དུ་བཟོས་པའི་ཡིག་སྐོགས་མེད་པའི་འཕྲིན་ཡིག་ཅིག་གིས“འདི་གར་ཐེངས་གཅིག་ཡོང་མྱོང”བའི་སྤྲོ་སྣང་ཐོག་ནས་འགྲུལ་བཞུད་དེའི་དྲན་གསོ་ཉར་ཚགས་བྱས་ཡོད། ཚོང་ཟོག་གི་བེད་སྤྱོད་རིན་ཐང་དེ“གོ་ཆོད་པོ”ནས“ཚོར་སྣང་ཡོད་པར”སྣུར་སྲིང་བྱས་པ་དང་། སྤྱི་ཚོགས་འབྲེལ་བའི་ཁྱད་ཆོས་དང་། རང་སོའི་ཁྱད་ཆོས་ངོམས་སྟོན། སྤྲོ་སྣང་འཚམ་མཐུན་བཅས་རིམ་བཞིན་འཛད་སྤྱོད་ཀྱི་སྒུལ་ཤུགས་གསར་པར་འགྱུར་བཞིན་ཡོད།
འོན་ཀྱང་ཚ་རླབས་ཁྲོད་ནས་ཕྱོགས་ལྷུང་རེ་འགར་སེམས་རྣལ་ལ་ཕབ་ནས་ཞིབ་ལྟ་བྱེད་དགོས་ཀྱི་ཡོད།
མི་ལ་ལས་ནང་ལ་རྩམ་པ་མེད་པར་སྒེའུ་ཁུང་རྩམ་རལ་ཡོག་ཡོག་གི་དཔེ་ལྟར་དངུལ་མང་པོ་བཏང་ནས་སྙན་སྒྲོག་པ་གཙོ་བོར་རྔན་པ་སྤྲོད་པ་དང་། མི་ལ་ལས་སྤྲོ་འཕེལ་འཛད་སྤྱོད་ལ་མགོ་གཡེངས་ནས་འཚོ་བ་དངོས་ཀྱི་ནང་དུ་མི་དང་མིའི་དབར་གྱི་འབྲེལ་འདྲིས་ལ་གཡོལ་བ། གཞན་ཡང་ད་དུང་རྩེད་ཆས་འགའ་རེས“གནོན་ཤུགས་ཆུང་དུ་གཏོང་བ”ཞེས་པར་ཁ་གཡར་ནས་རིན་ཐང་ལྟ་བ་ཡ་མ་གཟུགས་དེ་འདྲ་བརྒྱུད་སྤྲོད་བྱེད་པ་སོགས་ཀྱི་མཚར་སྣང་དེ་འཛད་སྤྱོད་པ་འགུགས་སར་འགྱུར་སྐབས་སྤྲོ་འཕེལ་འཛད་སྤྱོད་ལ་ཡོད་དགོས་ངེས་ཀྱི་དྲོ་སྐྱིད་དེ་མེད་པར་གྱུར་སྲིད།
སྤྲོ་སྣང་ལ་ཚད་གཞི་དང་དགའ་ཞེན་ལ་ཁ་ཕྱོགས་ཡོད་དགོས། སྤྲོ་འཕེལ་འཛད་སྤྱོད་བྱེད་སྐབས་རང་སྣང་གང་ཤར་བྱེད་མི་ཉན། དགའ་ཞེན་དང་མཛེས་སྡུག་གི་ཆེད་དུ་འགྲོ་སོང་གཏོང་བའི་སྤྲོ་འཕེལ་འཛད་སྤྱོད་ལ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་ཡར་ཐོན་གྱི་རིན་ཐང་དོན་གཉེར་ལྡན་སྐབས་ད་གཟོད་དགེ་ཐོན་ཡར་བརྩོན་དང་དྲང་ནུས་ཀྱི་འོད་ཟེར་ལྡན་པ་ཞིག་ཏུ་གྱུར་ཐུབ།
འབྲེལ་ཡོད་གསར་འགྱུར།