སྨྱན་སྦྱོར་ཚན་པ་680ལྷག་ཙམ་གྱིས་2025ལོ་འཁོར་གྱི་སྨྱན་སྦྱོར་གྱི་སྤྱི་ཚོགས་འགན་འཁྲིའི་སྙན་ཞུ་ཡོངས་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། རྒྱལ་ཡོངས་ཀྱི་གསར་འགྱུར་སྨྱན་སྦྱོར་ཚན་པ་680ལྷག་ཙམ་གྱིས་ཁོངས་གཏོགས་ཀྱི་དྲ་ཚུགས་དང་དུད་སྣེ་སོགས་ཀྱི་ལས་སྟེགས་སུ་2025ལོ་འཁོར་གྱི་སྨྱན་སྦྱོར་གྱི་སྤྱི་ཚོགས་འགན་འཁྲིའི་སྙན་ཞུ་ཡོངས་བསྒྲགས་བྱས་ཤིང་། དེའི་ནང་མི་དམངས་ཉིན་རེའི་ཚགས་པར་སོགས་ཀྲུང་དབྱང་གི་གསར་འགྱུར་ཚན་པ་གཙོ་བོ་20དང་། རྒྱལ་ཡོངས་རང་བཞིན་གྱི་ལས་རིགས་ཀྱི་སྨྱན་སྦྱོར་58 ས་གནས་ཀྱི་སྨྱན་སྦྱོར་600ལྷག་ཙམ་བཅས་ཚུད་ཡོད་པ་དང་། སྨྱན་སྦྱོར་ཚན་པས་ཆབ་སྲིད་ཀྱི་འགན་འཁྲི་དང་། གཡུལ་ས་འཛུགས་སྐྱོང་གི་འགན་འཁྲི། ཞབས་ཞུའི་འགན་འཁྲི་སོགས་ཕྱོགས་9ཡི་ཐད་ནས་2025ལོའི་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཚུལ་གསེད་བཀྲོལ་དང་ཁྱབ་བསྒྲགས་བྱས་ཡོད།
2025ལོར་གསར་འགྱུར་སྨྱན་སྦྱོར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དྲིལ་བསྒྲགས་ཡག་པོ་བྱས་ཤིང་། མི་དམངས་ཉིན་རེའི་ཚགས་པར་དང《བདེན་འཚོལ》དུས་དེབ་སོགས་ཀྱིས“སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་ལག་བསྟར་གྱི་ཕན་འབྲས”དང“མ་ལག་ཅན་དང་རིགས་ལམ་ཅན་གྱི་ཞིབ་འཇུག་དང་འཆད་འགྲེལ”སོགས་ཀྱི་ཆེད་སྒྲིག་ལེ་ཚན་བཏོན་པ་དང་། ཤིན་ཧྭ་གསར་འགྱུར་ཁང་གིས《ཞི་ཅིན་ཕིང་གི་དཔའ་བོའི་ལྟ་བ》སོགས་ཀྱི་གལ་ཆེའི་གནས་ཚུལ་སྤེལ་གཏོང་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་སོགས་ཀྱི་གནས་ཚུལ་གལ་ཆེན་སྤེལ་བ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གནས་ཚུལ་ཐད་གཏོང་དང་བསྐྱར་སྟོན་བྱས་པར་ཀུན་འདུས་སྨྱན་སྦྱོར་ནས་ལྟ་མཁན་མི་ཐེངས་དུང་ཕྱུར་339.4ཟིན་ཡོད་པ་རེད།
ཀྲུང་གོ་གཞོན་ནུའི་ཚགས་པར་དང་ཁྲིམས་སྐྱོང་ཉིན་རེའི་ཚགས་པར་སོགས་ཀྱིས་བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་སོགས་ཐོལ་བྱུང་དོན་རྐྱེན་གྱི་གནས་ཚུལ་སྤེལ་གཏོང་ཡག་པོ་བྱས་པ་དང་། ཀན་སུའུ་ཡི་བུ་བཅོལ་ཁང་གི་ཕྲུ་གུའི་ཁྲག་རྒྱུན་ནང་ཞ་ཉེ་ཚད་ལས་བརྒལ་བ་སོགས་སྤྱི་ཚོགས་ཀྱི་གླེང་ཆ་ཆེ་བའི་གནད་དོན་ལ་དམིགས་ནས་དགེ་མཚན་ལྡན་པའི་ལྟ་སྐུལ་བྱས་ནས་དམངས་འཚོའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་ཡོད།
ད་ལོ་ནི་སྨྱན་སྦྱོར་གྱི་སྤྱི་ཚོགས་འགན་འཁྲིའི་སྙན་ཞུ་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས་ལོ་13སོང་བའི་ལོ་ཡིན་ཞིང་། ཟླ་7པའི་ཟླ་སྨད་བར། 2025ལོ་འཁོར་གྱི་སྨྱན་སྦྱོར་གྱི་སྤྱི་ཚོགས་འགན་འཁྲིའི་སྙན་ཞུ་བརྒྱུད་སྤེལ་བྱེད་ཚད་ཐེངས་ཁྲི་8000ལས་བརྒལ་ཞིང་སྤྱི་ཚོགས་ལས་རིགས་ཁག་གིས་ཡོངས་ཁྱབ་ངང་ཁས་ལེན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།