“དེང་སྐབས་འཛམ་གླིང་གི་སྣེ་མང་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པར་གཞི་འཛིན་ས་མཁོ་འདོན་བྱས་ཡོད”
ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཧ་ཧྲི་སྨི་ལ་བཅར་འདྲི་བྱས་པ།

འདི་ལོའི་ཟླ་5པར་ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཁཱ་ལིར·ཧ་ཧྲི་སྨིར་ཀྲུང་གོའི་ཕྱི་འབྲེལ་པུས་སྤྲད་པའི“ཕུལ་བྱུང་ཕྱི་འབྲེལ་ཕོ་ཉའི་གཟེངས་རྟགས”ཐོབ་ཡོད། “གཟེངས་རྟགས་དེ་ནི་ང་མི་སྒེར་ལ་ཐོབ་པ་ཙམ་མ་ཡིན་པར་ཚོགས་པར་ཐོབ་པ་ཞིག་དེ་བས་རེད། ཚོགས་པ་དེར་ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་ཁང་དང་ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ལས་དོན་པ་ཚང་མ་ཚུད་ཡོད་ལ། ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་མཁན་ཚང་མའང་ཚུད་ཡོད” ཅེས་ཧ་ཧྲི་སྨིར་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
ཧ་ཧྲི་སྨི་ཡིས་2008ལོ་ནས་2010ལོ་བར་ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་ཁང་དུ་ལས་ཀ་བྱས་པ་དང་། 2023ལོའི་ཟླ་11པར་ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བའི་འགན་ཁུར་ཡོད། ཧ་ཧྲི་སྨི་ཡིས། “ལོ་གཉིས་ལྷག་ཙམ་རིང་ངས་ཕྱོགས་གསུམ་ཐད་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་སྟེ། རྒྱལ་ཁབ་གཉིས་པོའི་ཚོང་ལས་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལས་རིགས་ལག་རྩལ་སློབ་གསོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་པ་ཡིན། ལྷག་པར་དུ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བའི་མཚམས་སུ་ཕ་ཀྲུང་རྒྱལ་ཁབ་གཉིས་པོའི་སྒྱུ་རྩལ་མཁས་ཅན་གྱིས་མཉམ་དུ་འཁྲབ་སྟོན་བྱས་པ་དང་རྒྱ་སྐད་དང་ཝུར་ཏུའུ་སྐད་ཀྱི་སྒྲ་གདངས་མཉམ་འདྲེས་ཀྱི་གླུ་གཞས《ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་བརྩེ་སེམས》ཞེས་པ་བཏོན་པ་མ་ཟད། ཁྱད་ཆོས་ཟབ་མོ་ལྡན་པའི་ཤིང་ཏོག་ཨ་མྲའི་དུས་ཆེན་སོགས་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད། གཟེངས་རྟགས་དེས་ང་ཚོར་འབད་བརྩོན་དེ་བས་ཆེ་བ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་མ་ཐེབས་རྒྱུ་རེད”ཅེས་བརྗོད།
“ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཁྲོད་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་ཀྱིས་འགག་རྩའི་ནུས་པ་འདོན་སྤེལ་བྱས་ནས་ང་ཚོ་མདུན་སྐྱོད་བྱེད་པར་ཁྲིད་སྟོན་བྱས་ཡོད། ལོ་10ལྷག་ཙམ་རིང་གྲུབ་འབྲས་ལྡན་པའི་མཉམ་ལས་བྱས་པ་བརྒྱུད། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱིས་ཕ་ཁི་སི་ཐན་གྱི་འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དང་སྤུས་ཚད་སྔར་བས་མཐོ་རུ་བཏང་ཡོད། འབྱུང་འགྱུར་ཕྱོགས་གཉིས་པོས་ཞིང་ལས་དང་། གཏེར་ལས། ཆ་འཕྲིན་ལག་རྩལ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི‘2.0རིམ་སྤོར་པར་གཞིའི’སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་ཧ་ཧྲི་སྨི་ཡིས་བརྗོད།
“བོད་ཀྱི་ཆུ་བོ་དང་རི་རྒྱུད་ཀྱིས་མི་རྣམས་ལ་ལྷིང་འཇགས་ཀྱི་ཚོར་སྣང་ཞིག་སྦྱིན་པ་དང་། ཧྲན་ཏུང་ཧྲོའུ་ཀོང་གི་སྔོ་ཚལ་ཧ་ཅང་སོས་པ་ཡིན་པ། ཧེ་ལུང་ཅང་ཧའར་པིན་གྱི་གངས་འཁྱགས་དུས་ཆེན་ནི་མི་རྣམས་ཀྱིས་བརྗེད་པར་དཀའ་བ་ཞིག་རེད” ལོ་དེ་དག་རིང་ཧ་ཧྲི་སྨི་ཀྲུང་གོའི་ཞིང་ཆེན་ཚང་མར་སྤྱིར་བཏང་འགྲོ་མྱོང་ཡོད། ཉེ་བའི་ལོ་ཤས་རིང་གི་ཀྲུང་གོའི་འགྱུར་ལྡོག་སྐོར་གླེང་སྐབས་ཧ་ཧྲི་སྨི་ཡིས་ཀྲུང་གོར་ལྗང་མདོག་ལག་རྩལ་མགྱོགས་མྱུར་ཁྱབ་གདལ་བྱུང་བའི་ནང་ནུས་གསར་རླངས་འཁོར་དང་། སྒུལ་ཤུགས་གློག་རྫས། འོད་ཤུགས་ཐོན་རྫས། རླུང་གློག་སྒྲིག་ཆས་སོགས་ཚུད་ཡོད་པས་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་མང་པོར་ཕན་པ་རྒྱ་ཁྱབ་ཐོབ་ཡོད་ཅེས་བརྗོད།
ཧ་ཧྲི་སྨི་ཡིས། “ངས་ཀྲུང་གོ་ནས་ཐའེ་ཅི་དྲག་རྩལ་སྦྱངས་པ་ཡིན་ལ། ད་དུང་ཀྲུང་གོའི་མཚན་ཉིད་རིག་པ་དང་ཀྲུང་གོའི་བློ་གྲོས་ལ་གོ་བ་དེ་བས་གཏིང་ཟབ་ལེན་ཐུབ་བྱུང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ཀྱིས་དེང་སྐབས་འཛམ་གླིང་གི་སྣེ་མང་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། འདུ་ཤེས་དེ་ནི་ཀྲུང་གོའི་གནའ་བོའི་བློ་གྲོས་དེང་རབས་སུ་མངོན་པ་ཞིག་རེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལས་ཕྱོགས་ཡོངས་ཀྱི་བྱ་སྤྱོད་ཇུས་གཞི་གྲུབ་ནས་འཛམ་གླིང་དེ་བས་ཞི་བདེ་དང་། བདེ་འཇགས། དར་རྒྱས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་རྒྱུ་རེད། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་འཛམ་གླིང་རྒྱལ་ཁབ་ཁག་གིས་ངེས་པར་དུ་ཐུན་མོང་ཐོག་བྱ་སྤྱོད་སྤེལ་དགོས”ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།