ཨུ་རུ་སུ་དང་ཀྲུང་གོའི་གཉིས་ཕན་མཉམ་ལས་ཀྱི“མྱུ་གུ་འབུས་པ”ཞེས་པའི་གླེང་སྟེགས་སྐབས་བཞི་པ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཨུ་རུ་སུའི་གྲོང་ཁྱེར་ཁ་ཧྲན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཨུ་རུ་སུ་དང་ཀྲུང་གོའི་གཉིས་ཕན་མཉམ་ལས་ཀྱི“མྱུ་གུ་འབུས་པ”ཞེས་པའི་གླེང་སྟེགས་སྐབས་བཞི་པའི་འགོ་ཚུགས་མཛད་སྒོ་ཚེས་17ཉིན་ཨུ་རུ་སུའི་ཐ་ཐེན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་ཁ་ཧྲན་དུ་འཚོགས་པ་རེད།
ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཧན་ཧུའེ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ཉེ་བའི་ལོ་ཤས་རིང་ཀྲུང་ཨུའི་དཔལ་འབྱོར་དང་ཚོང་དོན་མཉམ་ལས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་ཡོད། 2026ལོའི་ཟླ་1པོ་ནས་ཟླ་7པའི་བར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་1592ཟིན་པ་དེ་དུས་མཚུངས་ལས་26.3%འཕར་ཏེ་ལོ་ཧྲིལ་པོར་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་ཅིང་། ཁོང་གིས“མྱུ་གུ་འབུས་པ”ཞེས་པའི་གླེང་སྟེགས་དེ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་ཚོང་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ནས། ཀྲུང་ཨུའི་དཔལ་འབྱོར་དང་ཚོང་དོན་གྱི་འབྲེལ་བ་དང་ས་གནས་དབར་གྱི་མཉམ་ལས་ཟབ་ཏུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་དང་འདོན་བཞིན་ཡོད། ཕྱོགས་གཉིས་པོས་གླེང་སྟེགས་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ་དགོས་མཁོ་སྦྲེལ་མཐུད་གང་ལེགས་བྱེད་པ་དང་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱས་ཏེ། ཕྱོགས་གཉིས་པོའི་དཔལ་འབྱོར་དང་ཚོང་དོན་མཉམ་ལས་ཀྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
ཨུ་རུ་སུའི་རྒྱལ་ཁབ་ཀྱི་ཏུའུ་མཱ(གྲོས་ཚོགས་འོག་མ)ཡི་ཀྲུའུ་ཞི་གཞོན་པ་པཱ་པཱ་ཁོ་ཧྥུའུ་ཡིས་ཤིས་ཚིག་སྒྲོན་སྐབས། “མྱུ་གུ་འབུས་པ”ཞེས་པའི་གླེང་སྟེགས་ཀྱི་རིན་ཐང་ཆེ་ཤོས་ནི་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་གྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་དེ་དངོས་དངོས་རྗེན་རྗེན་གྱི་མཉམ་ལས་རྣམ་གྲངས་སུ་བསྒྱུར་ནས་རྒྱལ་ཁབ་གཉིས་པོའི་སྤྱི་ཁོག་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་དེ་རེད། ཨུ་ཀྲུང་གི་ས་གནས་མཉམ་ལས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་པས། སྐབས་འདིའི་གླེང་སྟེགས་ཀྱིས་ཨུ་རུ་སུ་དང་ཀྲུང་གོའི་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་གསར་པ་བསྣན་ནས་ཁེ་ལས་གསར་པ་དང་། མ་འཇོག་གསར་པ། ལས་གནས་གསར་པ་སོགས་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།