ཀྲུང་གོ་སྲིད་གཞུང་གིས་ཁོ་ལོམ་པི་ཡར་རོགས་སྐྱོར་བྱས་པའི་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་ས་ཡོམ་གེགས་སེལ་དངོས་ཟོག་འབྱོར་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པོ་ཀོ་ཐོ་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ས་གནས་དེ་གའི་དུས་ཚོད་ཚེས་18ཉིན་གྱི་ཉིན་དགུང་། ཀྲུང་གོ་སྲིད་གཞུང་གིས་ཁོ་ལོམ་པི་ཡར་མཁོ་འདོན་བྱས་པའི་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་ས་ཡོམ་གེགས་སེལ་དངོས་ཟོག་ཁོ་ལོམ་པི་ཡའི་རྒྱལ་ས་པོ་ཀོ་ཐོའི་ཨེའར་ཏོ་ལ་ཏོ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད། ཁོ་ལོམ་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲུའུ་ཅིང་དབྱང་གིས་ཁོ་ལོམ་པི་ཡའི་རྒྱལ་ཁབ་གནོད་འཚེ་ཉེན་ཁ་དོ་དམ་ཅུས་དང་། ཕྱི་འབྲེལ་པུའུ། དེ་བཞིན་ས་གནས་དེ་གའི་སྲིད་གཞུང་སོགས་ཁོ་ལོམ་པི་ཡ་ཕྱོགས་ཀྱི་འཐུས་མི་དང་མཉམ་དུ་གནམ་ཐང་དུ་རོགས་སྐྱོར་དངོས་ཟོག་འབྱོར་བའི་མཛད་སྒོ་འཚོགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དངོས་ཟོག་ཁག་དེའི་ནང་གཙོ་བོ་གློག་འདོན་འཕྲུལ་འཁོར་དང་། ཆུ་དྭངས་རླངས་འཁོར། དུག་སེལ་འཕྲུལ་འཁོར། ཉི་གློག་སྒྲིག་ཆས། གུར། གདན་སོགས་གེགས་སེལ་གྱི་འཕྲལ་མཁོའི་དངོས་ཟོག་ཚུད་ཡོད་པ་དང་ཁྱོན་ཏུན་80ཙམ་ཡོད་པ་རེད།
ཀྲུའུ་ཅིང་དབྱང་གིས་མཛད་སྒོའི་ཐོག་ཀྲུང་གོ་ཕྱོགས་ཀྱི་ཚབ་ཞུས་ནས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་དང་ཁོ་ལོམ་པི་ཡ་ཕྱོགས་གཉིས་པོའི་ཚོགས་པས་དཀའ་ངལ་ཁྱད་བསད་དང་། ཉིན་མཚན་མེད་པར་འབད་འཐབ། མཉམ་ལས་དམ་ཟབ་བཅས་བྱས་ཏེ་རོགས་སྐྱོར་དངོས་ཟོག་བདེ་བླག་ངང་འབྱོར་བར་སྐུལ་འདེད་བཏང་བ་དེ་ཐོག་ནས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་མཛའ་གྲོགས་ཟབ་པའི་དམངས་འདོད་དང་སྲ་ཞིང་བརྟན་པའི་རྨང་གཞི་གང་ལེགས་མངོན་ཡོད་ལ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གཉིས་ཕན་རོགས་རེས་ཀྱི་རྨང་གཞི་མངོན་གསལ་དོད་པོའང་མངོན་ཡོད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།