དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡང་དག་པའི་སྲིད་ཇུས་བོད་ཀྱི་ཁྱིམ་ཚང་མང་པོར་བརྒྱུད་བསྒྲགས་བྱེད།

    བོད་ཀྱི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-22

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འཆད་ཁྲིད་ཚོགས་པས“སྒྲོག་འགྲེལ་དཔུང་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲོག་འགྲེལ་བྱེད་ཐབས་གསར་གཏོད། མཉམ་འདྲེས་སྨྱན་སྦྱོར་གྱི་ནུས་པ་འདོན་པ”བཅས་གཙོ་རྐང་དུ་བྱས་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཡོད། སྒྲོག་འགྲེལ་དཔུང་ཁག་ཧྲག་པོ་རེ་རེ་གངས་ལྗོངས་ས་མཐོར་སྒྲོག་འགྲེལ་ལ་བྲེལ་བ་དང་། འབྲེལ་འདྲིས་ཟབ་པའི་སྒྲོག་འགྲེལ་རེ་རེས་མང་ཚོགས་ཀྱི་སེམས་ཀྱི་ཞིང་ས་བརླན་ལ། དྲ་ཐོག་སྒྲོག་འགྲེལ་གྱི་ནང་དོན་རེ་རེ་ཁ་པར་ནས་མང་ཚོགས་ཀྱི་མིག་ལམ་དུ་འཆར་བ་བཅས་གངས་ལྗོངས་ས་མཐོར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དོན་འཁྱོལ་ཏན་ཏིག་ཐུབ་པར་བྱས་ཡོད།

    མི་གཅིག་ནས་མི་ཁྱུའི་བར་གྱི་སྒྲོག་འགྲེལ་གྱི་འགྱུར་ལྡོག

    གཞིས་རྩེར་ཉི་མ་ཚེ་རིང་གི་མིང་སྤྱིར་ན་མི་ཤེས་མཁན་མེད། ཐོག་མར་ཡིག་ཆ་ཁྱེར་ནས་འཆད་སྟེགས་སུ་གཏམ་བཤད་བྱེད་པ་ནས་ད་ཆ་ཡིག་ཆ་མི་དགོས་པར་གཏམ་བཤད་བྱེད་པའི་བར་དང་། མི་གཅིག་གིས་ཚོགས་ར་ཡོངས་ལ་སྒྲོག་འགྲེལ་བྱེད་པ་ནས་མང་ཚོགས་དང་སྤེལ་རེས་བྱེད་པའི་བར། གྲོང་ཚོའི་འཆད་སྟེགས་ནས་གདན་ཞུས་ལྟར་རིམ་ཁག་སྒྲོག་འགྲེལ་བྱེད་སྒོར་ཞུགས་པའི་བར། དྲ་ཕྱི་ནས་དྲ་ཐོག་ཏུ་སྣུར་སྲིང་བྱས་པའི་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་དང་། རྒྱལ་ཡོངས་ཀྱི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་མི་སྒེར། རང་སྐྱོང་ལྗོངས་ཀྱི“གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་ཤོས་བཅུ”ཡི་མཚན་སྙན་ཐོབ་མཁན་བཅས་ཡིན་པའི་ཉི་མ་ཚེ་རིང་གིས་2013ལོའི་ལོ་མཇུག་ནས་ད་བར་བོད་ཀྱི་རྫོང(ཆུས)60ལྷག་ཙམ་ལ་སྒྲོག་འགྲེལ་ཐེངས་1600ལྷག་ཙམ་བྱས་ཡོད།

    ཉི་མ་ཚེ་རིང་གི་གཏམ་རྒྱུད་ནི་བོད་ཀྱི་གཞི་རིམ་གྱི་སྒྲོག་འགྲེལ་པའི་དཔུང་ཁག་དང་ཐོག་མར་གྱི་མི་རེ་ཟུང་ནས་ད་ཆའི་དཔུང་ཁག་སྟོབས་ཆེན་བར་གྱི་གསོན་ཉམས་ལྡན་པའི་མཚོན་བྱེད་ཙམ་ཞིག་རེད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་དགེ་རྒན་གྱི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། འགྲན་བསྡུར་ལ་བརྟེན་ནས་གསོ་སྦྱོང། མིག་དཔེ་བཏོན་ནས་སྣེ་ཁྲིད་བཅས་མཐའ་འཁྱོངས་བྱས་ནས་ལས་རིགས་སྣ་ཚོགས་པ་དང་རྨང་གཞི་བརྟན་ལ་མང་ཚོགས་དང་འབྲེལ་འདྲིས་ཟབ་པའི་ཆེད་ལས་ཅན་གྱི་སྒྲོག་འགྲེལ་དཔུང་ཁག་བཏོད་དེ་ཏང་གི་གསུང་སྒྲ་གཞི་རིམ་དུ་ཁྱབ་པ་མ་ཟད། དེ་བས་སེམས་ལ་ཟུག་པར་བྱས་ཡོད།

    བོད་ཀྱིས“རིགས་གཅིག་མཁས་ཅན་དང་མཁས་དབང་དང་། འགོ་ཁྲིད་ལས་བྱེད་པ། གཞི་རིམ་གྱི་རྐང་འཛིན་པ། གཞོན་ནུ་གདོང་ལེན་པ། ཕ་ཡུལ་གྱི་འཇོན་ཐང་ཅན། རིག་རྩལ་རྐང་འཛིན་པ”བཅས་མི་150ལས་གྲུབ་པའི་སྒྲོག་འགྲེལ་ཤེས་ལྡན་པའི་དཔུང་ཁག་ཆེན་པོ་ཞིག་བཏོད་པར་བརྟེན། མིག་སྔར་ལྗོངས་ཡོངས་སུ་གཞི་རིམ་གྱི་ཞིང་འབྲོག་པའི་སྒྲོག་འགྲེལ་པ་ཁྱོན་10793གསོ་སྐྱོང་ཐུབ་ཡོད།

    མི་མང་མཉམ་འཛོམས་ནས་མི་སེམས་གཅིག་སྒྲིལ་བར་གྱི་སྒྲོག་འགྲེལ་གྱི་འགྱུར་ལྡོག

    “སྔོན་མ་སྲིད་ཇུས་སྒྲོག་འགྲེལ་བྱེད་སྐབས་དུད་ཚང་རེ་རེའི་ནང་སྐྱོད་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་མང་ཚོགས་ཇ་ཁང་དུ་འཛོམས་རྒྱུར་དགའ་པོ་ཡོད་པས། ཁ་བརྡ་གློད་ཤོར་དུ་སྲིད་ཇུས་སྒྲོག་འགྲེལ་བྱེད་ཐུབ་ཀྱི་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་གི་དང་བླངས་པ་སྐྲ་བཟང་གིས་མྱོང་ཚོར་ཟབ་མོས་བཤད། ན་ནིང་དགུན་ཁར་ཁོང་བྱང་ཐང་གྲོང་ཚོའི་ཇ་ཁང་དུ་ཅི་འཕྲོས་མོལ་འཕྲོས་དང་སྦྲགས་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱེད་སྐབས། འཁྲིས་ཀྱི་ཡུལ་མི་ཚེ་རིང་གིས“ང་ལ་དེ་སྔོན་རག་པའི་གསོ་ཚགས་ཁ་གསབ་ལས་ལུག་འཐོལ་པ་10གསོ་ཐུབ་བྱུང་། དེ་ནི་སྲིད་ཇུས་བཟང་པོའི་བཀའ་དྲིན་རང་རེད”ཅེས་བཤད་མ་ཐག དེར་འདུས་མི་རྣམས་ཀྱི་གཏམ་གླེང་གི་འགོ་ཚུགས་ནས་ཡུད་ཙམ་ཞིག་ལ་འཁྲུག་ཆ་དོད་པོར་གྱུར།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མང་ཚོགས་ཇ་ཁང་ལ་འཛོམས་པའི་གོམས་གཤིས་ལ་གཞིགས་ཏེ། “ཇ་ཁང་ནང་ཏང་གི་བཀའ་དྲིན་གླེང”ཞེས་པའི་ཁྱད་ལྡན་སྒྲོག་འགྲེལ་གྱི་སྤུས་རྟགས་བཏོད་དེ། སྲིད་ཇུས་འགྲེལ་བཤད་དང་དྲིན་ཚོར་སློབ་གསོ་འཚོ་བ་དང་འདྲེས་གང་ཐུབ་བྱས་པས། མང་ཚོགས་ཚོས་ཇ་མངར་མོ་འཐུང་ཞོར་སྲིད་ཇུས་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་དགེ་མཚན་ཆེན་པོ་ཐོན་ནས། སྦྲང་ཆར་ཟིལ་མས་སྐྱེ་དངོས་ལ་གསོན་ཤུགས་སྦྱིན་པ་བཞིན་སྒྲོག་འགྲེལ་གྱིས་མང་ཚོགས་ཀྱི་སེམས་ཀྱི་ཞིང་ས་བརླན་ཡོད།

    ནག་ཆུ་གྲོང་ཁྱེར་གྱིས“ཨ་ཁུ་འབྲོག་པའི”སྒྲོག་འགྲེལ་སྤུས་རྟགས་དང་། གཞིས་རྩེ་གྲོང་ཁྱེར་གྱིས“ཇོ་མོ་གླང་མའི་མང་ཚོགས་སྨྲ་རྩལ་མཁས་པའི”སྤུས་རྟགས། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས“བྱང་སྐར་སྤུན་བདུན”གྱི་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་སྤུས་རྟགས་སོགས་རང་རང་གི་ཁྱད་ཆོས་ལྡན་པའི་སྤུས་རྟགས་བཏོད་ནས། རིགས་པའི་གཞུང་ལུགས་སྒྲོག་སྤེལ་ལ་གསོན་ཤུགས་གསར་པ་བསྣན་ཡོད།

    རིགས་པའི་གཞུང་ལུགས་ལ་རིག་རྩལ་གྱིས་མཐུན་རྐྱེན་སྦྱར་བས་གསོན་ཤུགས་དེ་བས་དོད་པོར་གྱུར་ཡོད་ཅིང་། མངའ་རིས་ས་ཁུལ་གྱིས་སྒྲོག་འགྲེལ་བྱ་ཐབས་འཚོལ་ཞིབ་བྱས་ནས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་དེ་གླུ་གར་དང་། དགོད་བྲོའི་གཏམ་གླེང་། རླུང་འཕྲིན་ཟློས་གར་སོགས་ཀྱི་རིག་རྩལ་རྣམ་པར་བརྟེན་ནས་ཏང་གི་གསུང་སྒྲ་གཞི་རིམ་དུ་བསྒྲགས་ཡོད།

    ངོ་ཐུག་གདོང་འཕྲད་ཀྱི་སྒྲོག་འགྲེལ་ནས་སྨྱན་སྦྱོར་གསར་པའི་སྒྲོག་འགྲེལ་བར་གྱི་འགྱུར་ལྡོག

    བོད་ཀྱིས་མཉམ་འདྲེས་སྨྱན་སྦྱོར་གྱི་མཐུན་རྐྱེན་ལ་བརྟེན་ནས་སྣ་མང་བརྒྱུད་སྤེལ་གྱི་ལས་སྟེགས་བཏོད་པ་དང་ནང་དོན་མཚོན་སྟངས་གསར་གཏོད་བྱས་པ་བརྒྱུད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་དེ་མང་ཚོགས་ཀྱིས་གོ་བདེ་ལ་སྤྱོད་ཐུབ་པའི“བསམ་པའི་རྒྱགས་ཕྱེར”འགྱུར་བར་བྱས་ཡོད།

    ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གིས“རྒྱལ་གངས་ལྷ་མོའི་སྤྲིན་རིམ་སྒྲོག་འགྲེལ་ས་ཚིགས”དང“གྲོང་དོན་སྒྲོག་བཤད”ལས་སྟེགས་ལ་བརྟེན་ནས་ཡུལ་དུས་ཀྱི་བཀག་རྒྱ་ལས་བསྒྲལ་ཏེ་སྒྲོག་འགྲེལ་བྱེད་ཀྱི་ཡོད་ལ། ཏང་ཡོན་རྐང་འཛིན་པས་ཀྱང་སྲིད་ཇུས་ཀྱི་ནང་དོན་བརྙན་ཐུང་དང་། སྐད་ལམ། པར་རིས་སོགས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་སྒྲོག་འགྲེལ་བྱེད་ཀྱི་ཡོད།

    ལྷ་སས་ཏང་གི་རིགས་པའི་གཞུང་ལུགས་དྲ་ཐོག་ནས་སྒྲོག་འགྲེལ་བྱས་ཤིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན“ཟླ་རེར་སྒྲོག་འགྲེལ”གྱི་བྱེད་སྒོ་སྣ་ཚོགས་སྤྱི་གླིང་དང་ཐང་ཆེན་དུ་སྤེལ་བ་ནས་ལག་ཐོགས་ཁ་པར་གྱི་ཐད་གཏོང་ལ་བསྒྱུར་ཡོད། ལྷག་པར་དུ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་རིང་། “འདི་གར་ནི་ལྷ་ས་ཡིན”དང་། “ལྷ་སའི་མཉམ་འདྲེས་སྨྱན་སྦྱོར” “བདེ་ལྡན་ལྷ་ས” “ལྷ་སའི་ཁྱབ་བསྒྲགས”སོགས་ཀྱི་ཁྱུག་དབྱིངས་དང་། བརྙན་ལམ། སྐད་འཕྲིན་སོགས་ལས་སྟེགས་མང་པོས་དུས་གཅིག་ཏུ་ཐད་གཏོང་བྱས་པར། རིམ་རྩིས་བརྒྱབ་ན་ལྟ་མཁན་མི་ཐེངས་ཁྲི་33.9ལྷག་ཙམ་ཟིན་ཡོད།

    ལྷོ་ཁ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་སྲིད་ཇུས་དྲིལ་བསྒྲགས་ཀྱི་ཀོ་ཕིག་བརྙན་ཐུང་ཐོག་མ《དགའ་དགའ་སྐྱིད་སྐྱིད་ངང་སྲིད་ཇུས་གླེང་བ》(རྒྱ་བོད་སྐད་གཉིས་ལེའུ་12)བཏོན་ཡོད། གསོན་ཉམས་དོད་པའི་འགུལ་རིས་དང་ཡུལ་སྐད་ལ་བརྟེན་ནས་གཟིགས་སྐྱོང་སྲིད་ཇུས་ལྟ་བདེ་བ་དང་། ངེས་སླ་བ། སྤྱོད་ཤེས་པ་བཅས་དངོས་འབྲེལ་ཐུབ་པར་བྱས་ཡོད།

    བོད་ཀྱི་ས་གནས་ཁག་གིས་མཉམ་འདྲེས་སྨྱན་སྦྱོར་གསར་པར་བརྟེན་ནས་སྒྲོག་འགྲེལ་བྱས་ཏེ། རྟོགས་དཀའ་བའི་རིགས་པའི་གཞུང་ལུགས་ཉེ་འགྲམ་གྱི་གཏམ་རྒྱུད་དང་བསྲེས་པས། སྒྲོག་འགྲེལ་གྱི་ནང་དོན་མང་ཚོགས་ཀྱིས་གོ་ཐུབ་པ་དང་ཤེས་བདེ་པོ་བྱུང་ཡོད། “དྲ་ཐོག་ནས་སྒྲོག་འགྲེལ་བྱེད་པའི”འཕོ་འགྱུར་དེ་ལས་ཏང་གི་གསུང་སྒྲ་གངས་རི་བརྒལ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།