“བྱ་བ་ཆུང་ཙག”ཡག་པོ་བསྒྲུབས་ནས་མང་ཚོགས་བློ་ཡིད་ཚིམ་པར་བྱས་པ།
གཏིང་སྐྱེས་རྫོང་སྨུག་གྲོང་ཚོའི་དམངས་འཚོའི་འཕེལ་རྒྱས་ཀྱི་སྐོར་བཀོད་པ།
དམངས་འཚོ་ནི་ཅི་ཞིག་ཡིན།
གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་སྨུག་གྲོང་ཚོར། དམངས་འཚོ་ནི་མཛེས་ལྗོངས་ཁུལ་གྱི་བགོ་འགྲེམས་མ་དངུལ་མང་ཚོགས་ཀྱི་རྩིས་ཁྲར་འབྱོར་བའི་འཕྲིན་ཐུང་དེ་ཡིན་ལ། དང་བླངས་ཞབས་ཞུ་རུ་ཁག་གིས་ཟླ་རེར་སྒོ་རྩར་བསྐྱོད་དེ་སྐྲ་བཞར་བ་དང་། ས་ཡོམ་བརྒྱབ་རྗེས་དངུལ་སྐར་མ་གཅིག་ཀྱང་གཏོང་མི་དགོས་པར་སྡོད་ཁང་གསར་པར་སྤོས་པ་སོགས་རེད།
བྱ་བ་ཆུང་ཙག་ཚང་མ་ཡག་པོ་བསྒྲུབས་པས་ས་གནས་དེ་གའི་མང་ཚོགས་ཀྱིས“འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་འདུག”ཅེས་བརྗོད་ཀྱི་ཡོད།
སྨུག་གྲོང་ཚོ་རྒྱལ་ལམ་219ཡི་འགྲམ་དུ་ཆགས་ཤིང་། མངའ་ཁོངས་སུ་ཐུན་མོང་མ་ཡིན་པའི་བྲུ་ས་དང་། གངས་ཅན་མཛོད་ལྔ། གངས་ལྗོངས་འཁྱགས་རོམ་སོགས་ས་མཐོའི་མཛེས་ལྗོངས་ཐོན་ཁུངས་ཡོད། འོན་ཀྱང་ལོ་མང་རིང་དེ་འདྲའི་ཡུལ་སྐོར་ཐོན་ཁུངས་ཡོད་ཀྱང་གྲོང་མི་རྣམས་ཕྱུག་པོ་ཆགས་མེད།
2020ལོར་སྨུག་གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་ཡུལ་སྐོར་མཉམ་ལས་ཁང་བཙུགས་པ་དང་། མ་དངུལ་སྒོར་ཁྲི་108བསྡུ་སྒྲིལ་བྱས་ཏེ་ཡུལ་སྐོར་སྣེ་ལེན་ཞབས་ཞུའི་ལྟེ་གནས་སོགས་ལྷན་སྦྱར་སྒྲིག་བཀོད་བསྐྲུན་ཁར། གྲོང་ཚོའི་ཡུལ་མི་མཛེས་ལྗོངས་ཁུལ་གྱི་ལས་མིར་བསྡུས་ཡོད།
སྨུག་གྲོང་ཚོའི་ཡུལ་མི་སྐལ་བཟང་མཛེས་ལྗོངས་ཁུལ་དུ་བདེ་སྲུང་ལས་ཀ་བྱེད་བཞིན་ཡོད་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་6.2ཡོད་པ་རེད། ཁོང་གིས“དེ་སྔ་ཕྱིར་གླ་པ་རྒྱུག་སྐབས་རྒན་རྒོན་དང་ཕྲུ་གུ་ཚོར་ལྟ་རྟོག་བྱེད་ཁོམ་མེད། ད་ལྟ་སྒོ་རྩར་ལས་ཞུགས་ཐུབ་པ་མ་ཟད། ནང་མིར་ཡང་ལྟ་རྟོག་བྱེད་ཐུབ་ཀྱི་འདུག”ཅེས་བཤད།
ཁོང་ལྟ་བུའི་ཡུལ་མི་མང་པོ་མཛེས་ལྗོངས་ཁུལ་གྱི་བདེ་སྲུང་དང་། བཟའ་བཏུང་། བཀོལ་སྤྱོད་བདག་སྐྱོང་སོགས་ཀྱི་ལས་གནས་སུ་བཀོད་སྒྲིག་བྱས་ཡོད། 2023ལོ་ཚུན་དུ། མཛེས་ལྗོངས་ཁུལ་གྱི་ཡོང་འབབ་སྒོར་ཁྲི་263ལྷག་ཙམ་ཟིན་པ་དང་མང་ཚོགས་ལ་ལོར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི་80ལྷག་ཙམ་བགོ་འགྲེམས་བརྒྱབ་ཡོད། ན་ནིང་ཟླ་7པར། སྨུག་གྲོང་རོང་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་དུ་བདམས་པས། སྦས་ལུང་ཆུང་ཆུང་དེ་ཉིད་འཁྲུག་ཆ་ཧ་ཅང་དོད་པའི་མཛེས་ལྗོངས་ཁུལ་དུ་གྱུར་ཡོད་པ་རེད།
ལས་གཅིག་དར་ན་ལས་བརྒྱ་དར། སྨུག་གྲོང་ཚོས་དོན་དངོས་ལ་གཞིགས་ནས་རིག་གནས་ཡུལ་སྐོར་གསར་སྤེལ་དང་། ངལ་ནུས་ཕྱིར་གཏོང་། ཞིང་ལས་ཐོན་རྫས་ཉོ་སྒྲུབ་རིགས་ཀྱི་གཉེར་སྐྱོང་བྱེད་པོ་བཅས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། མཉམ་ལས་ཁང་དང་ཕྲན་ཚེགས་ཁེ་ལས་4སྐྱེད་སྲིང་བྱས་པ་མ་ཟད། རང་བརྟེན་ལས་གཏོད་དུད་ཚང་20ལྷག་ཙམ་ལ་རོགས་སྐྱོར་བྱས་པ་རེད། རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་དམངས་སྲོལ་གནས་ཚང་དང་། བཟའ་བཏུང་། ཁྱད་ལྡན་ཚོང་ཁང་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་སྐུལ་ཁྲིད་ཐུབ་ནས། ལོར་ཆ་སྙོམས་བྱས་ན་མི་ཐེངས་40ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་ཡོད།
མཛེས་ལྗོངས་ཀྱིས་དཔལ་འབྱོར་ལ་འདེགས་སྐྱོར་ཡག་པོ་བྱེད་པ་དང་འཕེལ་རྒྱས་ཀྱི་ཁེ་སྤོགས་ལས་གྲོང་གསེབ་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་ཡོད།
སྨུག་གྲོང་ཚོས་ཁྱུང་རྩེ་ཤང་མཐའ་མཚམས་མངགས་གཏོང་ཁང་དེ་ཉིད“སེ་འབྲུའི་གསར་བརྗེའི་ས་ཚིགས”སུ་བསྐྲུན་ནས། ཆུ་ཁོལ་དང་། འཕྲལ་སྡོམ་སྨན་བཅོས། རླངས་འཁོར་འཇོག་ས་དང་ངལ་གསོ་ས། ཡུལ་སྐོར་བློ་འདྲི་སོགས་ཀྱི་ཞབས་ཞུ་རིན་མེད་ངང་མཁོ་འདོན་བྱས་ཤིང་། རིམ་རྩིས་བརྒྱབ་ན་འགྲོ་འོང་བྱེད་མཁན་མང་ཚོགས་དང་ཡུལ་སྐོར་བ་མི་ཐེངས་ཁྲི་1.7ལྷག་ཙམ་ལ་ཞབས་འདེགས་ཞུས་པར་ཁོང་ཚོའི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཐོབ་ཡོད།
ན་ནིང་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས། སྨུག་གྲོང་ཚོའི་དུད་ཚང་16བསྐྱར་སྐྲུན་དང་དུད་ཚང་83ཉམས་གསོ་དང་བརྟན་དུ་གཏོང་དགོས་བྱུང་ཡོད། སླར་གསོ་བསྐྱར་སྐྲུན་བྱེད་རིང་། ཡུལ་མི་ཚོས་རང་འགུལ་ངང་ཨར་ལས་ཁུལ་དུ་བསྐྱོད་དེ་ཁྱིམ་གཞིས་འཛུགས་སྐྲུན་ཆེད་ནུས་ཤུགས་ཡོད་རྒུ་བཏོན་ཡོད་པ་སྟེ།
ཡུལ་མི་ཚེ་རིང་སྒྲོལ་མས་ཇ་དམ་ཁྱེར་ནས་ཨར་ལས་མི་སྣ་ཚང་མར་ཇ་མངར་མོ་བླུག་གིན“རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ང་ཚོར་སྡོད་ཁང་གསར་པ་བརྒྱབ་པའི་བཀའ་དྲིན་ཚེ་གང་བརྗེད་མི་སྲིད”ཅེས་བཤད།
ཡུལ་མི་ཉི་རྒྱལ་གྱིས་རང་གི་ཨར་སྐྲུན་ཀུང་སིའི་སྒྲིག་ཆས་དབོར་ནས་རིན་མེད་ངང་བསྐྱར་སྐྲུན་ནང་ཞུགས་ཤིང་། ཁོང་གིས“བདེ་སྐྱིད་ལྡན་པའི་འཚོ་བ་ནི་བསྒུགས་ནས་བྱུང་བ་ཞིག་མིན་པར། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བྱུང་བ་ཞིག་རེད། རང་གི་གྲོང་ཚོར་རང་སོ་སོས་ནུས་ཤུགས་མ་བཏོན་ཚེ་སུས་ནུས་ཤུགས་འདོན་ནམ”ཞེས་བཤད།
སྨུག་གྲོང་ཚོའི་ཡུལ་མི་རྣམས་ཀྱིས་ཕུགས་ཀྱི་འཚོ་བ་སྐྱིད་པོ་ནི་སྐྱེ་ཁམས་ལ་རག་ལུས་པ་ཁ་གསལ་ཤེས་ཀྱི་ཡོད། དེར་བརྟེན་སྨུག་གྲོང་ཚོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྩ་བའི་གཞི་འཛིན་སར་བྱས་ཏེ། སྐྱེ་ཁམས་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་དོ་དམ་ཚད་ལྡན་དང་ནན་དུ་གཏོང་བ། ཡུལ་སྐོར་བའི་མི་གྲངས་ལ་ཚན་རིག་དང་མཐུན་པའི་ངང་དོ་དམ་དང་ཚོད་འཛིན། སྐྱེ་ཁམས་ཀྱི་ཚན་རིག་ཤེས་བྱ་རྒྱུན་རྣམ་ཅན་བཞིན་ཁྱབ་གདལ་དང་དྲིལ་བསྒྲགས་བཅས་བྱས་ནས། སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་དང་དམངས་འཚོའི་ལེགས་ཆར་རྒྱུན་མཐུད་འགྱུར་བར་སྐུལ་འདེད་གཏོང་བཞིན་ཡོད།
“བྱ་བ་ཆུང་ཙག”ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚེ། འཚོ་བར་རེ་བ་དང་སྤྲོ་སྣང་གིས་ཁེངས་ངེས། སྨུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དོན་གྲུབ་ཀྱིས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན“ང་ཚོས་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། གམ་པའི་ལུག་དང་། ལྷ་མོའི་རིག་གནས། བོད་ཆས་སོགས་ཁྱད་ལྡན་ཐོན་ལས་དང་། ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཤུགས་ཆེན་བཏང་ནས། མང་ཚོགས་ཀྱི་རེ་སྒུག་དོན་དངོས་སུ་འགྱུར་བ་བྱེད་ཀྱི་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།