དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཐའ་མཚམས་རྨང་གཞི་བརྟན་དུ་བཏང་། མཐའ་དར་མཛེས་རིས་ལེཌ་པར་བཞེངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-22

    “དུས་རབས་གསར་པར་འཕེལ་རྒྱས་བྱུང་བའི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ལྷོ་བ་གྲོང་གསར་གྱིས་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ཏན་ཏིག་སྤེལ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་མཐའ་མཚམས་ཀྱི་ཡུལ་མི་འབྱོར་ཕྱུག་དང་། མཐའ་མཚམས་མཛེས་པ། མཐའ་མཚམས་བརྟན་ལྷིང་། མཐའ་མཚམས་སྲ་བརྟན་བཅས་ཧུར་ཐག་ཡོང་བར་བྱས་ཡོད” 2025ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ལྷ་སར་ཕེབས་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ལྷོ་བ་གྲོང་གསར་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུལ་ཁྲིམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་བརྩི་སྲུང་ཞུས་ཤིང་། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། “མཐའ་སྟོབས”ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱེད་པ། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ་བཅས་བྱས་པས། མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ལྟག་གད་གྲོང་ཚོར་ཆ་མཚོན་ན། ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་ལམ་གྲོང་ཚོའི་ལམ་མདོ་བར་དུ་ཤར་གཏོང་ཐུབ་པ་དང་། ཆུ་དང་། གློག འཕྲིན་གཏོང་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ལ་ཁྱབ་ཡོད། གྲོང་ཚོའི་འཕྲོད་བསྟེན་ཁང་གསར་པ་དང་། ཚད་ལྡན་ཅན་གྱི་བུ་བཅོལ་ཁང་། སྤྱི་པའི་འཁྲུད་ཁང་བཅས་གང་དགོས་ཅི་འཛོམས་ཡོད། ལྟག་གད་གྲོང་ཚོའི་འགྱུར་ལྡོག་ནི་དཔེ་མཚོན་ཁོ་ན་ཙམ་མ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། མཐའ་མཚམས་ཀྱི་དམངས་འཚོ་ལེགས་སུ་གཏོང་བ་དེ་མཐའ་སྟོབས་དང་བརྟན་སྲུང་གི་རྨང་གཞིར་བརྩིས་ཏེ་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་པ་དང་། མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་དུ་གཞུང་ལམ་དང་། གློག་དྲ། འཕྲིན་གཏོང་དྲ་བ་བཅས་ཁྱོན་ཡོངས་ལ་ཁྱབ་ཡོད།

    དེང་གི་ཆར། “མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བརྟན་ལྷིང་། མཐའ་མཚམས་ཡུལ་མི་འབྱོར་ཕྱུག”བཅས་ཀྱི་བརྗིད་ཆགས་ཡིད་དུ་འོང་བའི་མཛེས་རིས་ཤིག་རིམ་བཞིན་མངོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། དར་རྒྱས་དང་བརྟན་ལྷིང་གི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་ཧུར་ཐག་བྱས་ནས་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་སྐལ་བཟང་མེ་ཏོག་ནམ་ཡང་ལྷུག་པོར་བཞད་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།