ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས།
ཀྲང་ལུའུ་ལ“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་གཉིས་པ”སྤྲོད་རྒྱུ་དང་། ཝུའུ་ཧྥེ་དང་ཀྲང་ཧུང་ཀྲང་ལ“འཇིག་རྟེན་འཕུར་སྐྱོད་དཔའ་བོའི”གཟི་བརྗིད་མཚན་སྙན་དང“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་གསུམ་པ”སྤྲོད་རྒྱུའི་གཏན་འབེབས་བྱས་པ།
(2026ལོའི་ཟླ་8ཚེས་20ཉིན)
2025ལོའི་ཟླ་10ཚེས་31ཉིན། ལྷ་གྲུ་ཨང་ཉེར་གཅིག་པའི་མི་བཞུགས་འཕུར་གྲུ་བདེ་བླག་ངང་འཕེན་གཏོང་བྱས་ཤིང་། འཇིག་རྟེན་འཕུར་སྐྱོད་པ་ཀྲང་ལུའུ་དང་། ཝུའུ་ཧྥེ། ཀྲང་ཧུང་ཀྲང་བཅས་འཕུར་གྲུར་བསྡད་ནས་ཐེན་ཧོ་ལྟེ་བའི་གྲུ་ཚང་དུ་བདེ་འབྱོར་བྱུང་བ་མ་ཟད། འཁོར་ལམ་དུ་ཟླ་བ་7བསྡད་དེ་སྔ་རྗེས་སུ་གྲུ་ཚང་ནས་ཕྱིར་དོན་ཏེ་བྱེད་སྒོ་ཐེངས་3སྤེལ་བ་དང་། བར་སྣང་ས་ཚིགས་ཀྱི་འཛུགས་སྐྲུན་རིམ་སྤོར་དང་སྲུང་སྐྱོང་ཉམས་བཟོའི་ལས་འགན་ཁག་110ལྷག་ཙམ་ལེགས་སྒྲུབ་བྱས་ཤིང་། བར་སྣང་གི་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་རབ་དང་རིམ་པ་སྤེལ་ནས། 2026ལོའི་ཟླ་5ཚེས་29ཉིན་བདེ་འཇགས་ངང་ཚུར་ལོག་པ་རེད། ལྷ་གྲུ་ཨང་ཉེར་གཅིག་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ནི། རང་རྒྱལ་གྱི་མི་བཞུཌ་འཇིག་རྟེན་འཕུར་སྐྱོད་འདུ་འགོད་བར་སྣང་ས་ཚིཌ་སུ་བཀོལ་སྤྱོད་དང་འཕེལ་རྒྱས་དུས་མཚམས་སུ་སླེབས་པའི་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ཐེངས་དྲུག་པ་དེ་ཡིན་ཞིང་། དེས་ལྷ་གྲུའི་འཕུར་གྲུ་དང་བར་སྣང་ས་ཚིགས་འབྲེལ་མཐུད་མགྱོགས་ཤོས་ཀྱི་ཟིན་ཐོ་བཏོད་པ་དང་། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་རྐྱང་པ་འཁོར་ལམ་དུ་སྡོད་ཡུན་རིང་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་པ། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་གྱི་གོམ་སྟབས་གསར་པ་སྤོས་པ་མཚོན་པ་མ་ཟད། དེར་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མི་རིགས་ཀྱི་གདེང་ཚོད་དང་སྤོབས་སེམས་སྔར་བས་ཆེ་རུ་གཏོང་བ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ངར་སེམས་ཆེར་སྐྱེད་དང་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན།
ལྷ་གྲུ་ཨང་ཉེར་གཅིག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་བ་དེར་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་། འཇིག་རྟེན་འཕུར་སྐྱོད་པ། ལས་བྱེད་ལས་བཟོ། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་བཅས་ཀྱི་བློ་གྲོས་དང་སེམས་ནུས་འདུས་ཡོད། བློ་མཐུན་ཀྲང་ལུའུ་དང་། ཝུའུ་ཧྥེ། ཀྲང་ཧུང་ཀྲང་བཅས་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་གི་འཐུས་མི་ཡིན་པ་དང་། ཁོང་ཚོས་བློ་ཁ་ཏང་ལ་ཕྱོགས་པ་དང་ལྷག་བསམ་རྣམ་དག་གིས་འཁྲི་འགན་སྒྲུབ་པ་དང་། དཀའ་ངལ་དང་ཉེན་ཁར་མི་འཛེམ་པར་འགན་འཁྲི་འཁུར་ཕོད་པ་བྱས་ནས། འཛམ་གླིང་ལ་ཀྲུང་གོའི་བློ་སྟོབས་ཆེན་པོ་དང་། ཀྲུང་གོའི་སེམས་ཤུགས་ཆེན་པོ། ཀྲུང་གོའི་གཏིང་ཤུགས་ཆེན་པོ་བཅས་མངོན་པར་བྱས་ཡོད། བློ་མཐུན་ཀྲང་ལུའུ་ཡིས་ལོ་གཉིས་སོང་རྗེས་སླར་ཡང་བར་སྣང་ཁམས་སུ་བསྐྱོད་པ་དང་འབྲེལ། བཀའ་བཀོད་དཔོན་གྱི་འགན་ཁུར་ཞིང་རིམ་རྩིས་བརྒྱབ་ན་གྲུ་ཚང་ཕྱིའི་བྱེད་སྒོ་ཐེངས་7སྤེལ་ཏེ་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་མི་སྒེར་གྲུ་ཚང་ནས་དོན་ཏེ་བྱེད་སྒོ་སྤེལ་བའི་ཟིན་ཐོ་གསར་པ་བཏོད་ཡོད། བློ་མཐུན་ཝུའུ་ཧྥེ་ཡིས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་སྙིང་རུས་ཆེན་པོས་སྦྱོང་བརྡར་བྱས་ཏེ་མཁའ་སྐྱོད་ཐེངས་དང་པོར་གྲུ་ཚང་ནས་ཐེངས་གསུམ་དོན་ཏེ། རང་རྒྱལ་གྱི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་མཁན་ལོ་ན་ཕྲ་ཤོས་ཀྱི་འཇིག་རྟེན་འཕུར་སྐྱོད་ཀྱི་ལག་རྩལ་ཆེ་མོ་བར་གྱུར་ཡོད། བློ་མཐུན་ཀྲང་ཧུང་ཀྲང་ནི་དོ་དོ་ནན་ནན་དང་ལག་རྩལ་བྱང་ཆུབ་ཅིང་། ཐེག་ཁུར་རིགས་གཅིག་མཁས་ཅན་ཞིག་ཡིན་ཞིང་། གཟི་བརྗིད་ལྡན་པའི་ངང་ལྷ་གྲུ་ཨང་ཉེར་གཅིག་པའི་ཚོ་ཆུང་ནང་ཚུད་དེ་བར་སྣང་བཀོལ་སྤྱོད་ཀྱི་ཚོད་ལྟ་རབ་དང་རིམ་པ་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་ཡོད། ཁོང་ཚོས་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་པར་གཟེངས་བསྟོད་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བློ་མཐུན་ཀྲང་ལུའུ་ལ“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་གཉིས་པ”སྤྲོད་རྒྱུ་དང་། བློ་མཐུན་ཝུའུ་ཧྥེ་དང་ཀྲང་ཧུང་ཀྲང་ལ“འཇིག་རྟེན་འཕུར་སྐྱོད་དཔའ་བོའི”གཟི་བརྗིད་མཚན་སྙན་དང“འཇིག་རྟེན་འཕུར་སྐྱོད་ཀྱི་བྱས་རྗེས་གཟེངས་རྟགས་རིམ་པ་གསུམ་པ”སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།
བློ་མཐུན་ཀྲང་ལུའུ་དང་། ཝུའུ་ཧྥེ། ཀྲང་ཧུང་ཀྲང་བཅས་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་དུས་རབས་ཀྱི་གདོང་ལེན་པ་ཞིག་རེད་ལ། འཇིག་རྟེན་ཁམས་འཚོལ་ཞིབ་དང་། བར་སྣང་དུ་ཕུགས་འདུན་མངོན་འགྱུར། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བཅས་བྱེད་མཁན་དཔེ་དམག་དང་མིག་དཔེ་ཡང་རེད། ཏང་ཀྲུང་དབྱང་གིས་འབོད་སྐུལ་བྱས་དོན། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། གཟེངས་བསྟོད་ཐོབ་པའི་འཇིག་རྟེན་འཕུར་སྐྱོད་པ་མིག་དཔེར་བྱས་ནས། རྣམ་པར་རྒྱལ་ངེས་པའི་གདེང་ཚོད་བརྟན་དུ་གཏོང་བ་དང་ངར་སེམས་ཆེར་སྐྱེད་ཀྱིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྒྱུན་ཆད་མེད་པར་འབད་འཐབ་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་20ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།