དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྣ་མང་ཅན་གྱི་སྡོད་ཁང་འཛད་སྤྱོད་ཀྱི་དགོས་མཁོ་གང་ལེགས་སྐོང་བ།

    སྡོད་ཁང་སྤྱི་གསོག་མ་དངུལ་ལེན་སྤྱོད་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལི་ཤིན་ཕིང་།   |     སྤེལ་དུས།  2026-08-21

    《<སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་སྲོལ་ཡིག>བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཤིང་། 2026ལོའི་ཟླ་9ཚེས་20ཉིན་ནས་ལག་ལེན་བསྟར་རྒྱུ་རེད། 《སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་བཟོ་བཅོས་གང་དག་བརྒྱབ་ཡོད་དམ། སྡོད་ཁང་གི་འཛད་སྤྱོད་ལ་ཤུགས་རྐྱེན་གང་ཐེབས་སམ། གསར་འགོད་པས་དེའི་ཐད་བཅར་འདྲི་ཞུས་པ་རེད།

    སྤྱོད་རྒྱ་དེ་བས་ཆེ་བ།

    དུས་འཁོར་ཧྲིལ་པོའི་སྡོད་ཁང་གི་འཛད་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་སུ་བསྒྱུར་བ།

    “《གཏན་འབེབས》ཀྱི་ནང་དོན་གཙོ་བོའི་གྲས་ཤིག་ནི། སྡོད་ཁང་སྤྱི་གསོག་མ་དངུལ་ལེན་སྤྱོད་ཁྱབ་རྒྱ་ཆེ་རུ་བཏང་ནས། བཅོལ་གསོག་མཁན་གྱི་སྣ་མང་ཅན་གྱི་སྡོད་ཁང་གི་འཛད་སྤྱོད་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པ་བྱ་རྒྱུ་དེ་རེད”ཅེས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འགན་འཁུར་བས་བརྗོད།

    ཞིབ་ཕྲའི་སྒོ་ནས་བརྗོད་ན། སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་གནས་ཚུལ་རིགས་6ནས་9བར་མང་དུ་བཏང་ཞིང་། མང་དུ་བཏང་བའི་རིགས་3སྟེ། གཅིག་ནི་རང་ཉིད་སྡོད་སའི་ཁང་པར་བཀོད་འདོན་བྱེད་དགོས་རིགས་དང་། གཉིས་ནི་རང་ཉིད་སྡོད་སའི་ཁང་པའི་སྡེ་ལས་དངུལ་སྤྲོད་དགོས་རིགས། གསུམ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་སྡོད་ཁང་འཛད་སྤྱོད་ཀྱི་གནས་ཚུལ་གཞན་བཅས་སོ། བཟོ་བཅོས་བརྒྱབ་པའི་རིགས་1ནི“ཁང་གླ་དེ་ཁྱིམ་ཚང་ཡོང་འབབ་ཀྱི་གཏན་འབེབས་བསྡུར་ཚད་ལས་བརྒལ་རིགས”དེ“ཁང་གླ་གཏོང་སྤྲོད”དུ་བཟོ་བཅོས་བརྒྱབ་ནས་ཁང་གླར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    སྤྱོད་རྒྱ་ཆེ་རུ་གཏོང་རྒྱུ་དེ་གང་ལ་གཞིགས་ནས་བསམ་གཞིག་བྱས་པ་ཡིན་ནམ།

    སྡོད་ཁང་འཛད་སྤྱོད་ཀྱི་དགོས་མཁོ་འགྱུར་བཞིན་ཡོད། ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་ཁབ་འཕེལ་རྒྱས་དང་འཐབ་ཇུས་ཞིབ་འཇུག་ཁང་གི་མཐོ་རིམ་ཞིབ་འཇུག་པ་ཆིན་ཧུང་གིས་དབྱེ་ཞིབ་བྱས་པར་གཞིགས་ན། འདས་ཟིན་པའི་དུས་སྐབས་ཤིག་རིང་ས་ཁང་བདག་ཁོངས་ཁྲོམ་རའི་འགལ་བ་གཙོ་བོ་ནི་སྤྱི་འབོར་དཀོན་པ་དེ་རེད། སྡོད་ཁང་སྤྱི་གསོག་མ་དངུལ་དེ་གཙོ་བོ་ཁང་པ་ཉོ་བའི་དངུལ་བུན་ལ་སྤྱད་པས། ཁྱིམ་ཚང་མང་པོ་ཞིག་གི“བདེ་སྡོད་ཕུགས་འདུན”ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་པ་རེད།

    མིག་སྔར། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་40ལྷག་ཙམ་ཟིན་པ་དང་། སྡོད་ཁང་འཕེལ་རྒྱས་དེ་གསོག་འཕར་གལ་ཆེ་མཉམ་འཛིན་གྱི་དུས་མཚམས་སུ་སླེབས་ཤིང་། “བོགས་ཉོ་མཉམ་འཛིན”ནི་ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པའི་ནང་དོན་གལ་ཆེན་ཞིག་རེད། ཆིན་ཧུང་གིས“མི་རྣམས་ཀྱི་སྡོད་ཁང་གི་དགོས་མཁོ་དེ‘ཡོད་མེད’ནས‘ཡག་པོ་ཡོད་མེད’ལ་བསྒྱུར་ནས། སྡོད་གནས་ཀྱི་རྒྱ་ཆེ་ཆུང་ལ་དོན་གཉེར་བྱེད་པ་མ་ཟད། སྡེ་ཁུལ་རྙིང་པ་སྒྱུར་བཀོད་དང་རྒན་འཕྲོད་ཅན་སྒྱུར་བཀོད་སོགས་སྤུས་ཚད་མཐོར་གཏོང་གི་དགོས་མཁོར་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད་ཅེས་བཤད་ན་ཆོག”ཅེས་བརྗོད།

    དེར་བརྟེན་སྡོད་ཁང་སྤྱི་གསོག་མ་དངུལ་དེ་སྔའི་ཁང་པ་ཉོ་བའི་དངུལ་བུན་ལ་གཙོ་བོར་སྤྱོད་པ་དེས། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་སྡོད་ཁང་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་དཀའ་བར་གྱུར་ཡོད།

    སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཕུའུ་ཀྲན་གྱིས“བཟོ་བཅོས་བརྒྱབ་རྗེས་སྤྱི་གསོག་མ་དངུལ་གྱིས་བཅོལ་གསོག་མཁན་གྱི་ཁང་པ་ཉོ་སྒྲུབ་དང་། བོགས་གཏོང་། བཟོ་བཅོས། ཉམས་གསོ་བཅས་ཕྱོགས་ཡོངས་ཀྱི་སྡོད་ཁང་འཛད་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུ་རེད”ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་སྡོད་ཁང་སྤྱི་གསོག་མ་དངུལ་དེ་ཁང་པ་ཉོ་བ་དང་ཁང་པ་བོགས་གཏོང་ལ་རྒྱབ་སྐྱོར་བྱེད་པ་ནས“བོགས་གཏོང་དང་། ཉོ་སྒྲུབ། བཟོ་བཅོས། ཉམས་གསོ”བཅས་ཀྱི་དུས་འཁོར་ཧྲིལ་པོའི་སྡོད་ཁང་འཛད་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུ་རེད།

    དོ་ཁུར་བྱེད་རིན་ཡོད་པ་ཞིག་ནི། ད་ཐེངས་བཟོ་བཅོས་བརྒྱབ་པ་དེས་འབྱུང་འགྱུར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྤྱོད་རྒྱ་འགྱུར་ལྡོག་གཏོང་ས་བཞག་ཡོད་པ་རེད།

    ཁྱབ་རྒྱ་ཆེ་རུ་ཕྱིན་པ།

    སྟབས་བསྟུན་ལས་ཞུགས་མི་སྣས་རང་མོས་ངང་སྡོད་ ཁང་སྤྱི་གསོག་མ་དངུལ་གྱི་ལམ་ལུགས་ནང་ཞུགས་ཆོག

    ད་ཐེངས་བཟོ་བཅོས་བརྒྱབ་པའི་ཚད་བརྒལ་གཞན་ཞིག་ནི་བཅོལ་གསོག་གི་ཁྱབ་རྒྱ་ཆེ་རུ་བཏང་བ་དེ་རེད། ཁེར་རྐྱང་བཟོ་ཚོང་དུད་ཚང་དང་། ཉིན་གང་ལམ་ལུགས་མིན་པའི་ལས་ཀ་བྱེད་མཁན། དེ་བཞིན་སྟབས་བསྟུན་ལས་ཞུགས་མི་སྣ་གཞན་བཅས་ཀྱིས་རང་མོས་ངང་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལམ་ལུགས་ནང་ཞུགས་ཆོག་གི་ཡོད་པ་རེད།

    མིག་སྔར། རང་རྒྱལ་གྱི་མི་འབོར་དང་ལས་ཞུགས་གྲུབ་ཆར་འགྱུར་ལྡོག་ཅུང་ཆེན་པོ་བྱུང་བ་དང་། ལས་སྟེགས་དཔལ་འབྱོར་དང་ལས་ཞུགས་གསར་པའི་རྣམ་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས། སྟབས་བསྟུན་ལས་ཞུགས་ཀྱི་ལས་ཞུགས་གསར་པའི་ཚོགས་སྤྱིའི་གཞི་ཁྱོན་མགྱོགས་མྱུར་ཆེ་རུ་ཕྱིན་ཡོད། དེར་བརྟེན། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་བཅོལ་གསོག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། སྟབས་བསྟུན་ལས་ཞུགས་མི་སྣར་སྡོད་ཁང་གི་གནད་དོན་ཐག་གཅོད་བྱེད་པའི་དགོས་པ་ཡོད་པ་རེད།

    2021ལོར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་སྟབས་བསྟུན་ལས་ཞུགས་མི་སྣ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལམ་ལུགས་ནང་ཞུགས་པའི་ཚོད་ལྟའི་ལས་དོན་སྤེལ་འགོ་བཙུགས་ཡོད།

    ཧུའུ་པེའི་དབྱི་ཁྲང་ལ་ཆ་བཞག་ན། མངག་སྐྱེལ་པ་དང་། མྱུར་སྐྱེལ་མཁན། དྲ་འབོད་གླ་འཁོར་གྱི་ཁ་ལོ་བ། དྲ་རྒྱའི་སྙན་སྒྲོན་པ་གཙོ་བོ། རང་མོས་ལས་རིགས་པ། ལས་ཀ་རྩག་རྩིག་བྱེད་མཁན་ངལ་རྩོལ་པ་སོགས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་རེ་ཞུ་བྱེད་ཆོག་ཅིང། དངུལ་བཅོལ་སྟངས་དེ་ཟླ་རེ་བཞིན་བཅོལ་བ་དང་སྐབས་བསྟུན་བཅོལ་་སྟངས་རིགས་གཉིས་སུ་ཕྱེ་ཡོད་པ་རེད།

    “ང་གཉིས་བཟའ་ཚོ་གཉིས་ཀྱིས་དུས་གཅིག་ཏུ་གཱ་བཟོས་ནས་དངུལ་ཟླ་བ་གཅིག་བཅོལ་ཚེ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་རེ་ཞུ་བྱེད་ཆོག་པ་མ་ཟད། ད་དུང་དངུལ་བུན་ཡོངས་ཀྱི་3%གྱི་ཁ་གསབ་ལོངས་སུ་སྤྱོད་རྒྱུ་འདུག”ཅེས་མངག་སྐྱེལ་པ་ལི་ཀྲི་ཀྲེང་གིས་མི་རེར་ད་དུང་གཱ་བཟོས་ཚེ་ཤོག་ཆག་སྒོར་100རེ་སྤྲོད་ཀྱི་ཡོད་ཅེས་བརྗོད།

    གྲངས་གཞི་ལས་མངོན་པར། མིག་སྔར་ཚོད་ལྟ་བྱེད་པའི་གྲོང་ཁྱེར་36གི་སྟབས་བསྟུན་ལས་ཞུགས་མི་སྣ་ཁྲི་200ལྷག་ཙམ་སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་ནང་ཞུགས་ཡོད། 《སྲོལ་ཡིག》པར་གཞི་གསར་པ་ལག་ལེན་བསྟར་རྗེས་ལམ་ལུགས་ཀྱི་ཀུན་ཕན་རང་བཞིན་སྔར་བས་ཆེ་རུ་འགྲོ་རྒྱུ་རེད།

    སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འགན་འཁུར་བས་སྟབས་བསྟུན་ལས་ཞུགས་ཚོགས་པའི་གནས་ཚུལ་དངོས་དང་ས་ཁུལ་གྱི་འཕེལ་རྒྱས་ཆུ་ཚད་ཧེ་བག་ཡོད་པར་བསམ་གཞིག་བྱས་ནས《གཏན་འབེབས》ནང་སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་ཁྱབ་རྒྱ་ཆེར་གཏོང་གི་གནད་དོན་ཐད་སྟབས་བསྟུན་ལས་ཞུགས་མི་སྣའི་འདོད་མོས་ལ་བརྩི་འཇོག་མཐའ་འཁྱོངས་བྱེད་པ་ལས་བཙན་ཤེད་དང“གཅིག་དཔེ་བརྒྱ་འགེབས”བྱ་རྒྱུ་མིན་ལ། དེ་དང་ཆབས་ཅིག་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་ལ་བྱེད་ཐབས་ཞིབ་ཕྲ་གཏན་འབེབས་བྱེད་དབང་སྤྲོད་རྒྱུ་རེད།

    བེད་སྤྱོད་དེ་བས་སྟབས་བདེ་རུ་ཕྱིན་པ།

    སྡོད་ཁང་སྤྱི་གསོག་མ་དངུལ་གྱི་བཅོལ་གསོག་ཐོ་ འགོད་སོགས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཕན་ཚུན་ཡིད་ རྟོན་དང་ཁས་ལེན་ཐོབ་པ།

    ད་ཐེངས་བཟོ་བཅོས་བརྒྱབ་པའི་ནང་དོན་གྱི་གཙོ་གནད་གཞན་ཞིག་ནི་སྡོད་ཁང་སྤྱི་གསོག་མ་དངུལ་སྤྱོད་པའི་བརྒྱུད་རིམ་ལེགས་སུ་བཏང་ནས། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཞབས་ཞུ་དེ་བས་སྟབས་བདེ་དང་ནུས་ཆེ་ཡོང་བ་བྱ་རྒྱུ་དེ་རེད།

    དཔེར་ན། 《གཏན་འབེབས》ནང་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་ཆོག་མཆན་སྤྲད་པའི་དངུལ་བུན་གྱི་དུས་བཀག་དེ་རེ་ཞུ་བདག་སྤྲོད་བྱས་པའི་ཉིན་ནས་བཟུང་སྟེ་ཉིན་15ཡི་ནང་ཚུན་ནས་ཉིན་10བར་ཐུང་དུ་བཏང་བ་དང་། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད།

    དེའི་ནང་དོ་ཁུར་བྱེད་རིན་ཆེ་ཤོས་ཞིག་ནི《གཏན་འབེབས》ནང་། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དོ་དམ་ཞབས་ཞུའི་ནུས་ཕྱོད་ཆེ་རུ་བཏང་སྟེ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་བཅོལ་གསོག་ཐོ་འགོད་སོགས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཕན་ཚུན་ཡིད་རྟོན་དང་ཁས་ལེན་ཐོབ་ནས། སྡོད་ཁང་སྤྱི་གསོག་མ་དངུལ་གཞན་སྒྱུར་འབྲེལ་མཐུད་དང་ཡུལ་གཞན་ནས་དངུལ་བུན་གཡར་བ་སོགས་ཀྱི་ལས་སྒོ་སྟབས་བདེ་དང་ནུས་ཆེའི་ངང་གཉེར་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

    “དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། བཅོལ་གསོག་བྱེད་མཁན་དང་མ་དངུལ་སོགས་ཀྱི་གཙོ་རྒྱུ་ས་ཁོངས་བསྒྲལ་ནས་འཁོར་རྒྱུག་བྱེད་མང་དུ་འགྲོ་ཡི་ཡོད་ལ། ས་ཁོངས་སྒྲོལ་བའི་སྤྱི་པའི་ཞབས་ཞུའི་དགོས་མཁོ་ཡང་སྔར་བས་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད”ཅེས་ཆིང་ཧྭ་སློབ་ཆེན་ས་ཁང་བདག་ཁོངས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝུའུ་ཅིང་གིས་བརྗོད་པ་དང་། ཁོང་གིས། 《སྲོལ་ཡིག》ནང་འབྲེལ་ཡོད་ནང་དོན་མང་དུ་བཏང་སྟེ། སྡོད་ཁང་སྤྱི་གསོག་མ་དངུལ་ཞབས་ཞུ་དེ་བས་སྟབས་བདེ་དང་ནུས་ཆེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད།

    གྲོང་ཁྱེར་གྱི་ཁྱད་ཆོས་དང་བསྟུན་ནས་སྲིད་ཇུས་ལག་ལེན་བསྟར་བ།

    “གང་ཐུབ་ཅི་ཐུབ”དང“ལྕོགས་ཚོད་སྒྲུབ་པར” སྟངས་འཛིན་བྱེད་པ།

    《སྲོལ་ཡིག》གི་པར་གཞི་གསར་པར་ལྟ་ཞིབ་ཞིབ་ཕྲ་བྱས་ཚེ། སྲིད་ཇུས་མི་ཉུང་བ་ཞིག་ཞིབ་ཚགས་སུ་གཏོང་བའི་ཐད་ས་གནས་ལ་རང་བརྟེན་གཏན་འཁེལ་བྱེད་དུ་བཅུག་ཡོད་པ་རེད།

    ཝུའུ་ཅིང་གིས། དེ་ནི“གང་ཐུབ་ཅི་ཐུབ”དང“ལྕོགས་ཚོད་སྒྲུབ་པར”སྟངས་འཛིན་དེ་བས་ཡག་པོ་ཐུབ་ཆེད་རེད་ཅེས་བརྗོད།

    ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་སུ་གྲོང་ཁྱེར་60ལྷག་ཙམ་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ལེགས་སུ་བཏང་ནས་ཁྱད་པར་ཅན་གྱི་སྲིད་ཇུས་བཟོས་ཡོད།

    སྡོད་གནས་ལ་འཚམ་པའི་སྒྱུར་བཀོད་ཀྱི་དགོས་མཁོ་བསྐངས་ཤིང་། དཔེར་ན། ཀན་སུའུ་ཡི་ས་ཆ་མང་པོས་སྡོད་ཁང་རྙིང་པ་སྒྱུར་བཀོད་ལ་སྤྱོད་རྒྱུའི་སྡོད་ཁང་སྤྱི་གསོག་མ་དངུལ་མང་ཤོས་ལ་སྒོར་ཁྲི་10ལེན་རྒྱུ་ཡོད་པའི་གཏན་འབེབས་བཟོས་པ་དང་། ལེའོ་ཉིང་ཧྲེན་དབྱང་གིས་ད་ལོ་ནས་བཟུང་སྡོད་ཁང་སྤྱི་གསོག་མ་དངུལ་དེ་སྡོད་གནས་ལ་འཚམ་པའི་སྒྱུར་བཀོད་ཐད་སྤྱོད་ཐུབ་པ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ། སི་ཁྲོན་ཁྲེང་ཏུའུ་ཡིས་བུ་ཕྲུག་གིས་སྡོད་ཁང་སྤྱི་གསོག་མ་དངུལ་བླངས་ནས་ཕ་མའི་སྡོད་ཁང་ལ་གློག་སྐས་བསྒར་ཆོག་པ་བཅས་ཁ་གསལ་བཏོན་ཡོད།

    བེད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་ཞིང་། ཅང་སུའུ་དབྱང་ཀྲོའུ་དང་སུའུ་ཆན་སོགས་གྲོང་ཁྱེར་གྱིས་སྲིད་ཇུས་སྔར་བས་ལེགས་སུ་བཏང་སྟེ་སྡོད་ཁང་སྤྱི་གསོག་མ་དངུལ་དེ་ཁུལ་ཆུང་གི་སྡེ་ལས་གྲོན་དངུལ་སྤྲོད་པར་སྤྱོད་ཆོག་པ་ཁ་གསལ་བཏོན་པ་སོགས། “བེད་སྤྱོད་རྣམ་པ་དེ་དག་གི་བཀྲག་མདངས་འཚེར་ས་ནི‘དམངས་འཚོ’ཞེས་པའི་ཡིག་འབྲུ་དེ་གཉིས་ཡིན་པ་དང་། དྲོད་ལེན་དང་སྡེ་ལས་སོགས་སྡོད་གནས་དང་འཚོ་བའི་ཁྲོད་ཀྱི་དངོས་དངོས་རྗེན་རྗེན་གྱི་དོན་ཆུང་བར་སྣུར་སྲིང་བྱས་ཏེ། བཅོལ་གསོག་མཁན་གྱི་རྩིས་ཐོའི་ནང་གི་དངུལ་དེ་དག་རྒྱུན་གཏན་འཚོ་བའི་ཁུར་པོ་ཡང་དུ་གཏོང་བར་ཐད་ཀར་སྤྱོད་ཆོག”ཅེས་ཝུའུ་ཅིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།