རང་རྒྱལ་དུ་ལས་གཉེར་སྨན་པ་ཁྲི་529ཡོད་པ།
ད་ལོའི་ཟླ་8ཚེས་19ཉིན་ནི་ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་དགུ་པ་དེ་ཡིན་པ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ལས་གཉེར(ལས་རོགས)སྨན་པའི་གྲངས་འབོར་ཁྲི་529ཟིན་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཕྲོད་བསྟེན་བདེ་ཐང་ཤེས་ལྡན་པའི་འཕེལ་རྒྱས་འཆར་འགོད་ཀྱི་གཏན་འབེབས་དམིགས་ཚད་ལེགས་གྲུབ་ཚད་བརྒལ་བྱུང་ཡོད། སྨན་པའི་དཔུང་ཁག་ནང་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན་པའི་བསྡུར་ཚད་དང་། དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་བསྡུར་ཚད། མཐོ་རིམ་ལག་རྩལ་གོ་གནས་ལྡན་པའི་བསྡུར་ཚད་ལྡན་པ་སོགས་ཀྱི་དམིགས་ཚད་2012ལོ་ལས་ཚང་མ་མཐོ་རུ་ཕྱིན་ཡོད་པ་རེད། 2025ལོར་རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ནས་ནད་བརྟག་སྨན་བཅོས་བྱས་པའི་མི་ཐེངས་དུང་ཕྱུར་106ལྷག་ཙམ་ཟིན་ནས་རང་རྒྱལ་གྱི་གྲོང་མིའི་བདེ་ཐང་སྟོན་གྲངས་གཙོ་བོ་དེ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད་པ་རེད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་པའི་དཔུང་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་དཔུང་ཁག་གི་འཇོན་ཐང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྨན་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ། སྨན་པས་ལས་རིགས་ཀྱི་མཚན་སྙན་ལ་གཅེས་སྤྲས་དང་ལས་སྒོར་བརྩོན་ཞིབ་ཧུར་ཐག་བྱེད་པར་ཁྲིད་སྟོན་བྱེད་པ། བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་དང་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་མི་དམངས་ཀྱི་བདེ་ཐང་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།