སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་ཀྱི་རྣམ་གྲངས་འཛུགས་པའི་ཕྱོགས་སྟོན་ཁག་བཞི་བཅུ་པ་སྒྲིག་བཟོ་ཟིན་པ།
སྨན་བཅོས་རྫས་དཔྱད་རིན་གོང་རྒྱལ་ཡོངས་སུ་གཅིག་གྱུར་བཟོས་པ།
ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས《བརྟག་བཤེར་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་ཀྱི་རྣམ་གྲངས་འཛུགས་པའི་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》དངོས་སུ་ཁྱབ་བསྒྲགས་བྱས་པའི་ནང་གཙོ་བོ་ནད་ཐོག་སྨན་བཅོས་ཀྱི་བརྟག་བཤེར་དང་། ཁྲག་བླུགས་པ་དང་ཁྲག་རིགས། སྐྱེ་དངོས་ཕྲ་རབ་དང་གཞན་བརྟེན་འཚོ་འབུ། འདུས་རྡུལ་ནད་དཔྱད། སྐྱེ་རྫས་འགྱུར་འབྱུང་། རིམས་འགོག་སོགས་ཀྱི་རྣམ་གྲངས་གཙོ་བོ་ཁག་662དང་། སྣོལ་བསྡུའི་རྣམ་གྲངས་114 རྒྱ་སྐྱེད་རྣམ་གྲངས་7བཅས་ལ་ཁྱབ་ཡོད། ཕྱོགས་སྟོན་ཡོངས་བསྒྲགས་བྱས་པ་དེ་ཐོག་ནས་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་ཀྱི་རྣམ་གྲངས་འཛུགས་པའི་ཕྱོགས་སྟོན་ཁག་40ཡི་སྒྲིག་བཟོའི་ལས་དོན་ཆ་ཚང་ལེགས་གྲུབ་ཟིན་པ་དེས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་གྱུར་ཚད་ལྡན་བཟོས་པའི་སྨན་བཅོས་ཞབས་ཞུའི་རིན་གོང་རྣམ་གྲངས་མ་ལག་གི་རྨང་གཞི་སྤྱིའི་ཆ་ནས་གྲུབ་པ་མཚོན་ཡོད།
རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱུན་གཏན་ཁྲག་དང་གཅིན་པ་ནས་སྐྱེ་དངོས་ཕྲ་རབ་གྲལ་བཤེར་དང་གཞི་རྒྱུ་ཞིབ་དཔྱད་ཚད་ལེན་བར། བརྟག་བཤེར་གསོ་རིག་ནི་ནད་ཐོག་སྨན་བཅོས་ཐད་མེད་དུ་མི་རུང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། ནད་གཞི་བརྟག་དཔྱད་དང་། སྨན་བཅོས་ནུས་པར་ལྟ་ཞིབ་ཚད་ལེན། ནད་གཞི་སྔོན་དཔག་རྗེས་ཀྱི་ཚོད་སྐོར་བཅས་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། སྨན་བཅོས་ཀྱི་དགོས་མཁོ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་ཞིབ་བཤེར་ལག་རྩལ་རིམ་བཞིན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་གཟུགས་པོའི་ཕྱིའི་ནད་དཔྱད་ཚོད་ལྟའི་སྨན་རྫས་ཀྱི་ཁྲོམ་ར་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོར་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་1300ཙམ་ཟིན་ནས་སྨན་བཅོས་དང་སྨན་རྫས་བདེ་ཐང་ལས་རིགས་ཀྱི་ཞིབ་ཕྲའི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱལ་ཡོངས་ཀྱི་རྫས་དཔྱད་རིགས་ཀྱི་རིན་གོང་རྣམ་གྲངས་ཚད་ལྡན་དང་གཅིག་གྱུར་ཡོང་བར་བྱས་ནས་བརྟག་བཤེར་རིག་ཚན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་ནུས་ལྡན་བྱས་ཏེ་བརྟག་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།
ད་ཐེངས་ཡོངས་བསྒྲགས་བྱས་པའི་ཕྱོགས་སྟོན་ནང་ཞབས་ཞུའི་རྫས་ཐོན་སྟོན་ཕྱོགས་སུ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། རྫས་དཔྱད་བྱ་ཐབས་རིག་པའི་རིན་གོང་ཧེ་བག་ཅན་གྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་རྒྱུ་དང་། ནད་ཐོག་སྨན་བཅོས་འཁོར་སྐྱོད་དང་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་བརྩི་འཇོག་བྱས་ཏེ་རིན་གོང་རྣམ་གྲངས་འཛུགས་པའི་ཞིབ་རྩིང་དབྱེ་ནས་གཏན་འཁེལ་བྱེད་རྒྱུ། སྣོལ་བསྡུའི་རྣམ་གྲངས་ཚད་ལྡན་དུ་བཏང་ནས་རིན་གོང་མཐོ་བའི་སྤུས་ལེགས་ཞབས་ཞུ་ལུགས་མཐུན་ངང་མཚོན་པར་བྱེད་རྒྱུ། རིན་གོང་གི་ཚད་གཞི་གཅིག་གྱུར་བཟོས་ནས་རིན་གོང་རྩིས་རྒྱག་སྔར་ལས་སྟབས་བདེ་ཡོང་བར་བྱེད་རྒྱུ། མཉམ་བཤེར་གྱི་རིགས་དབྱེའི་ཕབ་ཆ་ཁ་གསལ་བཟོས་ནས་ནད་པའི་ཁུར་པོ་ཡང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ནད་ཐོག་སྨན་བཅོས་ཀྱི་ཐབས་ཇུས་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ནས་བརྟག་བཤེར་ནད་དཔྱད་ཀྱི་རིན་ཐང་མངོན་པར་བྱེད་རྒྱུ། “ཆད་གྲངས་འབབ་ཆག”གི་རིན་གོང་སྲིད་ཇུས་ཁ་གསལ་བཟོས་ནས་དམངས་ཡོངས་ཀྱི་བདེ་ཐང་གྲངས་རིག་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱས་ནས་བརྟག་བཤེར་རྣམ་གྲངས་ཁག་ཅིག་གཅིག་གྱུར་ཐོག་སྣོན་འཛུགས་བྱེད་རྒྱུ་བཅས་རེད།
འགན་འཁུར་བས་བརྗོད་དོན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཞིང་ཆེན་ཁག་གི་སྨན་བཅོས་འགན་བཅོལ་ཅུས་ལ་རྣམ་གྲངས་འཛུགས་པའི་ཕྱོགས་སྟོན་ཁག་40གང་མགྱོགས་སྦྲེལ་མཐུད་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རིན་གོང་ཆུ་ཚད་ཚོད་རྩིས་བྱས་ནས་ས་ཁོངས་ཀྱི་རིན་གོང་ཆུ་ཚད་བལྟོས་བཅས་དོ་སྙོམས་ཡོང་བར་སྐུལ་འདེད་བཏང་སྟེ། སྨན་བཅོས་ཞབས་ཞུའི་རིན་གོང་རྒྱལ་ཡོངས་ཀུན་གཅིག་གྱུར་ཡོང་བར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།