རླངས་འཁོར་གྱི་སྙིང་ལྷེབ་ཁས་ལེན་ར་སྤྲོད་ཀྱི་ལས་རིགས་ཚད་གཞི་ཁག་ལྔ་ཁྱབ་བསྒྲགས་བྱས་པ།
ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཁས་ལེན་དཔང་འདོན་ར་སྤྲོད་ལྟ་འདོམས་ཨུ་ལྷན)ཀྱི་ཆོག་མཆན་ཐོབ་པ་བརྒྱུད་རྣམ་གྲངས་བཙུགས་པའི《རླངས་འཁོར་གྱི་སྙིང་ལྷེབ་སྒྲིག་གཞིའི་ཁས་ལེན་ཞིབ་དཔྱད་ཀྱི་རྒྱུན་སྤྱོད་གདེང་འཇོག་བླང་བྱ》སོགས་ཁས་ལེན་ར་སྤྲོད་ཀྱི་ལས་རིགས་ཚད་གཞི་ཁག་ལྔ་ཁྱབ་བསྒྲགས་བྱས་པ་རེད། ཚད་གཞི་ལྔ་པོ་དེས་གོ་ལ་ཧྲིལ་པོའི་རླངས་འཁོར་གྱི་སྙིང་ལྷེབ་ཐོན་ལས་འབྲེལ་ཐག་ཧྲིལ་པོའི་འབྲེལ་ཡོད་སྒྲིག་གཞིར་དམིགས་པའི་རྒྱལ་ཁབ་རིམ་པའི་ནུས་པར་གདེང་འཇོག་བྱེད་པའི་ཚད་གཞིའི་མ་ལག་ཐོག་མ་དེ་བསྐྲུན་ཞིང་། དེ་ཐོག་ནས་རང་རྒྱལ་གྱིས་རང་བརྟེན་ཚོད་འཛིན་ཐུབ་པའི་རླངས་འཁོར་གྱི་སྙིང་ལྷེབ་སྤུས་ཚད་འགན་ལེན་མ་ལག་འཛུགས་པའི་ཐད་ཚད་བརྒལ་གལ་ཆེན་བྱུང་བ་མཚོན་ཡོད།
རླངས་འཁོར་གྱི་སྙིང་ལྷེབ་ནི་རིག་ནུས་དྲ་བ་རླངས་འཁོར་ལ་སྦྲེལ་བའི་དབང་རྩ་ལྟ་བུ་རེད་ལ། སྲོག་ཤིང་གི་འཐབ་ཇུས་ཐོན་ཁུངས་ཀྱང་རེད། དུས་ཡུན་རིང་པོའི་ནང་གཅིག་གྱུར་གྱི་གདེང་འཇོག་མ་ལག་མེད་པའི་རྐྱེན་གྱིས་རང་རྒྱལ་གྱིས་བཟོས་པའི་སྙིང་ལྷེབ་རླངས་འཁོར་ལ་སྤྱོད་པའི་བཀའ་འཁྲོལ་ཚད་གཞི་མཐོ་བ་དང་ཁྲོམ་རའི་ཡིད་ཆེས་ཐོབ་ཤུགས་ཆུང་བ་སོགས་ཀྱི་འགྲན་སློང་འཕྲད་ནས་གཞི་ཁྱོན་ཆེན་པོས་བཀོལ་སྤྱོད་བྱེད་པར་འགལ་རྐྱེན་བཟོས་ཡོད། ད་ཐེངས་ཡོངས་བསྒྲགས་བྱས་པའི་ཚད་གཞི་ལྔ་པོའི་ནང་རླངས་འཁོར་གྱི་སྙིང་ལྷེབ་ཁྱབ་ཁོངས་ཀྱི་སྒྲིག་གཞིའི་ནུས་པར་གདེང་འཇོག་བྱེད་པའི་མ་ལག་བརྒྱུད་རིམ་ལྡན་པའི་ངང་བཙུགས་པ་སྟེ། རླངས་འཁོར་གྱི་སྙིང་ལྷེབ་སྒྲིག་གཞིའི་ཁས་ལེན་དཔང་འདོན་ཞིབ་དཔྱད་ཀྱི་རྒྱུན་སྤྱོད་གདེང་འཇོག་བླང་བྱ་གཏན་འཁེལ་བྱས་ཡོད་ལ། ཇུས་འགོད་དང་། ཁས་ལེན་དཔང་འདོན། ཚོད་ལྟ། རྩིས་ནུས་སོགས་སྒྲིག་གཞི་སྣ་ཚོགས་ལ་ནུས་པ་ཆེ་ཆུང་གདེང་འཇོག་བྱེད་པའི་ཆེད་ལས་ཀྱི་ཁྲིད་སྟོན་དང་བཀོལ་སྤྱོད་ཀྱི་གཞི་འཛིན་ས་མཁོ་འདོན་ཡང་བྱས་ཡོད། དེས་ཐོན་ལས་འབྲེལ་ཐག་ཧྲིལ་པོའི་སྒྲིག་གཞིར་ཆེད་ལས་ནུས་པ་ཆེ་རུ་གཏོང་བར་ཁྲིད་སྟོན་ནུས་ལྡན་བྱེད་པ་དང་། རླངས་འཁོར་གྱི་སྙིང་ལྷེབ་ཁས་ལེན་ཞིབ་དཔྱད་བྱེད་སྒོའི་ཆེད་ལས་རང་བཞིན་དང་། གཅིག་མཐུན་རང་བཞིན། དབང་གྲགས་རང་བཞིན་བཅས་ལ་འགན་ལེན་བྱེད་པ། རང་རྒྱལ་གྱིས་བཟོས་པའི་སྙིང་ལྷེབ་དེ་ཉིད་ཞིབ་འཇུག་གསར་སྤེལ་ནས་རླངས་འཁོར་ནང་སྤྱོད་པའི་སྤུས་ཚད་བར་གྱི་འབྲེལ་ལམ་མགྱོགས་མྱུར་ཤར་གཏོང་ཐུབ་པ་བཅས་བྱས་ཏེ། ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ནས་སྒོར་དུང་ཕྱུར་ཁྲི་རིམ་པའི་རླངས་འཁོར་གྱི་སྙིང་ལྷེབ་ཐོན་ལས་ཀྱི་ཁོར་ཡུག་ཅིག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།