དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་པིན་གྱི་རྩ་ཁྲིམས་ཀྱི་ཞི་བདེའི་ངོ་བོར་སྲུང་སྐྱོང་བྱ་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  དབྱི་ཐེང་ཀྲེན།   |     སྤེལ་དུས།  2026-08-21

    དམག་འཁྲུག་ནི་ཚོད་འཛིན་མི་ཐུབ་པ་དང་རྩ་བརླག་ཏུ་འགྲོ་བའི་ཕྱོགས་སུ་སྐྱོད་པའི་སྒོ་མོ་རེད། དེས་ན། ངེས་པར་དུ་རི་པིན་ཉེན་ཁ་ཆེ་བའི་འགྲོ་ལམ་དེའི་ཐོག་ཤོར་བར་ནུས་ཤུགས་ཡོད་རྒུས་བཀག་འགོག་བྱས་ཏེ་རྩ་ཁྲིམས་ཀྱི་དོན་ཚན་དགུ་པའི་ཞི་བདེའི་མཐའ་ཚད་བརྟན་པོར་སྲུང་དགོས།

    ད་ལོ་ནི《རི་པིན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཁྱབ་བསྒྲགས་བྱས་ནས་ལོ་ངོ་80འཁོར་བའི་ལོ་རེད། འཛམ་གླིང་དམག་ཆེན་གཉིས་པ་ཕམ་རྗེས། 1946ལོར་རི་པིན་གྱིས“ཞི་བདེའི་རྩ་ཁྲིམས”ཞེས་པའི《རི་པིན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ལ་གྲོས་འཆམ་བྱས་ཤིང་། དོན་ཚན་དགུ་པའི་ནང་རི་པིན་གྱིས་དུས་ནམ་ཡང་དམག་འཁྲུག་མི་སློང་བ་དང་། རྒྱལ་ཁབ་ཀྱི་དམག་འཁྲུག་གི་དབང་ཆ་ཁས་མི་ལེན་པ། དམག་འཁྲུག་གི་སྟོབས་ཤུགས་སོར་གནས་མི་བྱེད་པ་བཅས་གཏན་འབེབས་ཁ་གསལ་བྱས་ཏེ། དམག་འཁྲུག་མཇུག་འགྲིལ་རྗེས་རི་པིན་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་མོད། འོན་ཀྱང་ལོ་80ཡི་རྗེས་ཀྱི་དེང་སང་རི་པིན་གྱི་རང་དབང་དམངས་གཙོ་ཏང་གིས་རྩ་ཁྲིམས་བཟོ་བཅོས་ཀྱི་གྲོས་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རི་པིན་དེ་ཉིད་རང་འགུལ་ངང་དམག་འཁྲུག་སློང་ཆོག་པའི“རྒྱུན་ལྡན་རྒྱལ་ཁབ”ཞེས་པར་འཛུགས་གཏོད་བྱ་རྒྱུ་དོན་གཉེར་བྱེད་ཀྱི་ཡོད། རྩ་ཁྲིམས་ཀྱི་དོན་ཚན་དགུ་པ་འདིས་རི་པིན་གྱི་བདེ་འཇགས་ལ་དངོས་འབྲེལ་འགོག་རྐྱེན་བཟོས་ཡོད་དམ། རི་པིན་གྱི་དམག་འཁྲུག་རྗེས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ལ་ཞིབ་ལྟ་བྱས་ན་སྡོམ་ཚིག་ཅིག་ཐོབ་པ་སྟེ། དམག་མིན་བར་གནས་ནི་རི་པིན་གྱིས་བརྟན་སྲུང་བྱེད་དགོས་པའི་ཡུན་རིང་གི་མདུན་ལམ་ཞིག་ཡིན་པ་དེ་རེད།

    རི་པིན་གྱི་རང་དབང་དམངས་གཙོ་ཏང་གིས་2012ལོ་ནས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ཁྱབ་བསྒྲགས་བྱས་ཡོད། འོན་ཀྱང་དུས་ད་ལྟ་བར་དུ་འབྲེལ་ཡོད་གྲོས་རིམ་མཚམས་འཇོག་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་སྤེལ་རིམ་ཟམ་མི་ཆད་པར་མགྱོགས་སུ་བཏང་བ་དང་སྐུལ་འདེད་གཏོང་བའི་རྣམ་འགྱུར་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་ཡི་ཡོད། 2022ལོར་རི་པིན་སྲིད་གཞུང་གིས“བདེ་སྲུང་ཡིག་ཆ་གསུམ”བཟོ་བཅོས་བརྒྱབ་ནས་རི་པིན་ལ“ཕར་རྒོལ་ནུས་པ”སྟེ“དགྲ་བོའི་རྟེན་གཞིར་ཕར་རྒོལ་བྱེད་པའི་ནུས་པ”ལྡན་དགོས་ཞེས་བརྗོད་པ་དེ“ཆེད་དམིགས་འགོག་སྲུང”གི་རྩ་དོན་ངོ་བོའི་ཐོག་ནས་རྦད་དེ་དོར་ཡོད། ན་ནིང་ཟླ་11པར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲེ་ཙའོ་མེའོ་ཡིས་རྒྱལ་ཚོགས་ཐོག“ཐའེ་དབན་ལ་གནས་ཚུལ་ཐོན་ན”རི་པིན་ལ“ཆགས་འཇིགས་ཀྱི་ཉེན་ཁའི་གནས་ཚུལ”འཕྲད་སྲིད་ཅེས་འཛེམ་བག་མེད་པར་བརྗོད་ཡོད། གཏན་ཚིགས་དེ་གཞིར་བཟུང་རིགས་འདེད་རྒྱས་བཀྲོལ་བྱས་ན། རི་པིན་ལ་རྒོལ་རྡུང་ཕོག་མེད་པའི་དབང་དུ་བཏང་ནའང་རང་རྟོགས་ངང་དམག་དོན་རྡུང་རྡེག་བཏང་ཆོག་གི་ཡོད། གཏམ་བརྗོད་དེ་མཚམས་དང་ཚད་ལས་ཚབས་ཆེན་བརྒལ་ཡོད། ད་ལོའི་ཟླ་4པར་ཀའོ་ཧྲེ་ཙའོ་མེའོ་ཡིས་རང་དབང་དམངས་གཙོ་ཏང་གི་ཚོགས་ཆེན་ཐོག་རྩ་ཁྲིམས་བཟོ་བཅོས་རྒྱག་པའི“དུས་བབ་ཤར་ཡོད”ཅེས་སླར་ཡང་བརྗོད་ཅིང་། རྩ་ཁྲིམས་བཟོ་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནི་རང་དབང་དམངས་གཙོ་ཏང་གི་དོར་དུ་མི་རུང་བའི་འགན་འཁྲི་ཞིག་ཡིན་ཞེས་ནན་བཤད་བྱས་ཡོད།

    སེམས་ཁྲལ་བྱེད་དགོས་པ་ཞིག་ནི། མིག་སྔར་རི་པིན་གྱིས“ཡང་བསྐྱར་དམག་དོན་ཅན”དུ་འགྱུར་བའི་ནོར་འཁྲུལ་གྱི་ལམ་བུའི་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཉེན་ཁའི་གནས་སུ་ལྷུངས་པ་དེ་རེད། རི་པིན་གྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི“བདེ་སྲུང་ཡིག་ཆ་གསུམ”དེས“འགོག་སྲུང”ཁོ་ནའི་ཁྱབ་ཁོངས་ལས་སྔ་ས་ནས་བརྒལ་བ་མ་ཟད། ད་དུང་ད་ལོ་ནང་ཚུན་དུ་འབྲེལ་ཡོད་ཚད་བཀག་སྔར་བས་ལྷུག་ཏུ་གཏོང་རྩིས་ཀྱང་བྱེད་ཀྱི་ཡོད། ཡིག་ཆ་ཆ་ཚང་འདིར་དོན་དངོས་ཐོག་དམག་འཁྲུག་བྱ་སྤྱོད་ཀྱི་འཆར་གཞི་ཆ་ཚང་ཞིག་ཆགས་ཤིང་། དེའི་དམིགས་ཡུལ་གཙོ་བོ་ནི་རི་པིན་རྒྱལ་ཁབ་ཀྱི་རྣམ་པ་འགྱུར་ལྡོག་གཏོང་བར་སྐུལ་འདེད་གཏོང་རྒྱུ་སྟེ། རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གི་ཞི་བདེའི་རྒྱལ་ཁབ་ནས་དམག་དོན་གྱི་རིན་ཐང་སྔོན་སྐྱོང་གི་རྒྱལ་ཁབ་ཕྱོགས་སུ་བསྒྱུར་རྒྱུ་དེ་རེད། རི་པིན་གྱི་དམག་གྲོན་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་མུ་མཐུད་བཏོད་པ་དང་། “རྒྱལ་ཁབ་གསང་འཕྲིན་ལས་ཁུངས”བཙུགས་པ། བསད་རྨས་རང་བཞིན་གྱི་མཚོན་ཆ་ཕྱིར་གཏོང་བྱས་པ། དམངས་ཁྲོད་གནམ་ཐང་དང་གྲུ་ཁ་དམག་དོན་བསྡུ་སྤྱོད་ཁྱབ་ཁོངས་ནང་བཅུག་པ། དམག་དོན་བཟོ་ལས་ཐོན་ལས་ལ་བརྟེན་ནས་དཔལ་འབྱོར་ལ་སྐུལ་སྤེལ་བྱེད་པའི་བཤད་ཚུལ་ཟམ་མི་ཆད་པར་བརྗོད་ཤུགས་ཆེ་རུ་གཏོང་བ་སོགས། “ཡང་བསྐྱར་དམག་དོན་ཅན”དུ་འགྱུར་རྒྱུ་དོན་གཉེར་བྱེད་རྐྱང་བྱས་ན། རི་པིན་གྱི་དམངས་ཚོགས་ལ་ཐོབ་རྒྱུ་ནི་བདེ་འཇགས་དང་འགན་ལེན་མིན་པར། དཔལ་འབྱོར་གྱི་ཁུར་པོ་དེ་བས་ལྕི་པོ་དང་དམག་འཁྲུག་གི་ཉེན་ཁ་དེ་བས་ཆེན་པོ་དེ་རེད། དམག་འཁྲུག་ནི་ཚོད་འཛིན་མི་ཐུབ་པ་དང་རྩ་བརླག་ཏུ་འགྲོ་བའི་ཕྱོགས་སུ་སྐྱོད་པའི་སྒོ་མོ་རེད། དེས་ན་ངེས་པར་དུ་རི་པིན་ཉེན་ཁ་ཆེ་བའི་འགྲོ་ལམ་དེའི་ཐོག་ཤོར་བར་ནུས་ཤུགས་ཡོད་རྒུས་བཀག་འགོག་བྱས་ཏེ་རྩ་ཁྲིམས་ཀྱི་དོན་ཚན་དགུ་པའི་ཞི་བདེའི་མཐའ་ཚད་བརྟན་པོར་སྲུང་དགོས།

    “ཞི་བདེའི་རྩ་ཁྲིམས”ལས་ཞི་བདེའི་ཕུགས་བསམ་མཚོན་གྱི་ཡོད་པས། རི་པིན་གྱི་རྩ་ཁྲིམས་ཀྱི་ཞི་བདེའི་ངོ་བོར་སྲུང་སྐྱོང་བྱེད་པར་རི་པིན་གྱི་དམངས་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་ཀྱི་ཡོད། འཛམ་གླིང་གིས་འགྱུར་ལྡོག་གཏོང་ཐུབ་ལ་རི་པིན་གྱིས་ཀྱང་དེ་དང་འདྲ་བར་གདམ་ག་ཡང་དག་བྱེད་ཐུབ། རི་པིན་དེ་ཉིད་ཞི་བདེ་འཕེལ་རྒྱས་ཀྱི་སྲོལ་ལམ་དུ་སླར་ཡང་ལོག་པར་སྐུལ་འདེད་གཏོང་རྒྱུ་ནི་མིག་སྔར་རི་པིན་གྱི་དམངས་ཚོགས་ཀྱིས་འཁུར་འོས་པའི་འགན་འཁྲི་ཞིག་རེད།

    (རྩོམ་པ་པོ་ནི་རི་པིན་ཁྲིམས་རིག་ཁང་གི་རྩ་ཁྲིམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཁྲིམས་རྩོད་པ་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།