ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཨེ་ཁྭ་ཏོར་གྱི་ཧྲེང་ཏོ་མིང་ཀོའི་ཆུ་མཁོ་འདོན་རྣམ་གྲངས་ལས་དམངས་ཚོགས་ཁྲི་50ལ་ཕན་པ་ཐོབ་པ།
“ང་ཚོའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་ཕྱིན་སོང”

འདི་ནི་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཨེ་ཁྭ་ཏོར་གྱི་ཧྲེང་ཏོ་མིང་ཀོའི་ཆུ་མཁོ་འདོན་རྣམ་གྲངས་ཁུལ་གྱི་རྣམ་པ་ཡིན་པ།
ཧྲེང་ཏོ་མིང་ཀོ་གྲོང་ཁྱེར་ནི་ཨེ་ཁྭ་ཏོར་གྱི་ནུབ་བྱང་རྒྱུད་ཀྱི་ཧྲེང་ཏོ་མིང་ཀོ་ཏེ་ལོ་སི་ཁྲ་ཆི་ལ་སི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་རེད་ལ་ས་ཁོངས་ཀྱི་གཙོ་གནད་དཔལ་འབྱོར་ལྟེ་གནས་ཞིག་ཀྱང་རེད། ལོ་བཅུ་ཕྲག་ཁ་ཤས་རིང་། འཚོ་བའི་སྤྱོད་ཆུ་དཀོན་པའི་གནད་དོན་གྱིས་ས་གནས་དེ་གའི་གྲོང་མིར་དཀའ་ངལ་ཆེན་པོ་བཟོས་ཡོད། མི་རིང་བའི་གོང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཀུང་སིས་སྐྲུན་འགན་འཁུར་བའི་ཧྲེང་ཏོ་མིང་ཀོའི་ཆུ་མཁོ་འདོན་རྣམ་གྲངས་སྤྱོད་འགོ་ཚུགས་པ་དང་བསྟུན་ནས་ས་གནས་དེ་གའི་གྲོང་མི་ཁྲི་50ལ་བརྟན་པོ་དང་། བདེ་འཇགས། དྭངས་གཙང་བཅས་ཀྱི་འཚོ་བའི་ཆུ་སྤྱོད་རྒྱུ་བྱུང་བ་རེད།
དུས་ཡུན་རིང་པོའི་ནང་། ཧྲེང་ཏོ་མིང་ཀོ་གྲོང་ཁྱེར་གྱི་འཚོ་བའི་སྤྱོད་ཆུ་ཉེ་འཁོར་གྱི་ལའེ་ལི་ཡ་ཧོ་གཙང་པོའི་ཆུ་ཀ་ལ་བཟོ་གྲྭ་ཞིག་ལ་བརྟེན་དགོས་ཀྱི་ཡོད། ཆུ་ཀ་ལ་བཟོ་གྲྭས་ཆུ་དེ་ཙམ་མཁོ་འདོན་མི་ཐུབ་པས་གྲོང་ཁྱེར་དེས་ཁུལ་དང་དུས་བཀག་དབྱེ་ནས་ཆུ་མཁོ་འདོན་བྱེད་པ་དང་ཆུ་བརྟན་པོ་ཡོད་མེད་ལའང་གནམ་གཤིས་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཕོག་གི་ཡོད། “དེ་སྔ། ང་དང་ཁྱིམ་མཚེས་ཚོས་རྟག་ཏུ་ས་ཆ་གཞན་ནས་ཆུ་ཉོ་དགོས་ཀྱི་ཡོད། ཆུ་རླངས་འཁོར་རེར་ཨ་སྒོར་30སྤྲོད་དགོས་པ་དེ་ནི་འགྲོ་སོང་ཆུང་ཆུང་ཞིག་མ་རེད”ཅེས་ས་གནས་དེ་གའི་གྲོང་མི་ལུའུ་ཕེར་ཐུའོ·ས་མོ་ལས་བརྗོད།
ས་གནས་དེ་གའི་དམངས་འཚོའི་གཙོ་གནད་རྣམ་གྲངས་ཡིན་པའི་ཧྲེང་ཏོ་མིང་ཀོའི་ཆུ་མཁོ་འདོན་རྣམ་གྲངས་ལ་ཁྱོན་མ་དངུལ་ཨ་སྒོར་ཁྲི་2300ལྷག་ཙམ་བཏང་བ་དང་། 2021ལོའི་ཟླ་2པར་ལས་འགོ་བཙུགས་ཤིང་། ད་ལོའི་ཟླ་5པར་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ཀྲུང་གོའི་ཁེ་ལས་ཀྱིས་ཧྲེང་ཏོ་མིང་ཀོ་གྲོང་ཁྱེར་ལྷོ་རྒྱུད་ཀྱི་ཨའོ་ཐུང་ཀེ་ཧོ་གཙང་པོའི་ཉེ་འགྲམ་དུ་ཆུ་འཐེན་འདུ་འགོད་ལག་ལེན་བསྟར་བས། ཆུ་འཐེན་མདོང་ལམ་དང་། ཁག་བགོས་ཆུ་འཐེན་ས་ཚིགས། ཆུ་གཙང་གསིང་བཟོ་གྲྭ་སོགས་ཆུ་མཁོ་འདོན་གྱི་སྒྲིག་བཀོད་གང་དགོས་ཆ་ཚང་ཡོད་པས་ས་གནས་དེ་གའི་ཆུ་མཁོ་འདོན་གྱི་ཞན་ཆ་ཕྱོགས་ཡོངས་ནས་བསལ་ཏེ་གྲོང་ཁྱེར་དེར་སྐར་ཆ་རེར་ཧྲེང་500ཙམ་གྱི་འཐུང་ཆུ་མང་དུ་བཏང་ཡོད།
དམངས་འཚོའི་འདུ་འགོད་དོན་འཁྱོལ་བྱས་ནས་ས་གནས་དེ་གའི་དམངས་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་བཏང་ཡོད། ས་མོ་ལ་ཡིས། “ད་ཆ། ང་ཚོར་ཉིན་ལྟར་ཆུ་སྤྱོད་རྒྱུ་ཡོད་པས་དངུལ་མང་པོ་བཏང་སྟེ་ཆུ་ཉོ་བར་སྐྱོད་མི་དགོས། ཆུ་མཁོ་འདོན་རྣམ་གྲངས་བདེ་བླག་ངང་བསྐྲུན་ཟིན་ནས་ཚང་མས་ཀ་ལའི་ཆུ་དྭངས་གཙང་གང་འདོད་ལྟར་སྤྱོད་ཆོག་གི་ཡོད། ང་ཚོའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་ཕྱིན་སོང”ཞེས་བཤད།
ཨེ་ཁྭ་ཏོར་འཕེལ་རྒྱས་དངུལ་ཁང་གི་ཧང་ཀྲང་ཁ་ལུའོ་སི·ལི་ཝུའེ་ལ་ཡིས། ཀྲུང་གོའི་ཁེ་ལས་ཀྱིས་བྱང་ཆུབ་པའི་ཆེད་ལས་ལག་རྩལ་དང་རྣམ་གྲངས་ལ་དོ་དམ་ཚགས་ཚུད་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་འཛུགས་སྐྲུན་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་ནས་རྣམ་གྲངས་བདེ་བླག་ངང་དོན་འཁྱོལ་ཡོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་བརྗོད།
ཧྲེང་ཏོ་མིང་ཀོའི་ཆུ་མཁོ་འདོན་རྣམ་གྲངས་ནི་ཀྲུང་ཨེས་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་བའི་གྲུབ་འབྲས་གལ་ཆེན་ཞིག་རེད། རྣམ་གྲངས་དེའི་ཀྲུང་གོ་ཕྱོགས་ཀྱི་ཅིང་ལི་ཀྲང་ཐའེ་ལེ་ཡིས་རྣམ་གྲངས་འཁོར་རྒྱུག་བྱས་རྗེས་ས་གནས་དེ་གར་ཆུ་མཁོ་འདོན་བརྟན་པོ་ཐུབ་ནས་གྲོང་ཁྱེར་འཛུགས་སྐྲུན་དང་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ལ་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་ཐུབ་རྒྱུ་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།