དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡོན་ཀྲང་བསོད་ནམས་ཕན་ཐོགས་ཀྱིས་བརྗོད་དོན།

    “ཡུལ་མིར་སྨན་པ་བསྟེན་པར་དེ་བས་སྟབས་བདེ་དང་ཕྲུ་གུའི་སྦྱོང་ཚན་ལ་ཟུར་ཁྲིད་བྱེད་ཁོམ་དེ་བས་མང་བ་ཡོང་བའི་རེ་བ་ཡོད”

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཞུས་ཡུས་ཡའོ།   |     སྤེལ་དུས།  2026-08-21

    བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡོན་ཀྲང་བསོད་ནམས་ཕན་ཐོགས་གྲོང་ཚོའི་ནང་གི་ནད་པར་ལྟ་བར་ཕྱིན་ནས་སྨན་གོས་དཀར་པོ་ཡང་ཕུད་ཁོམ་མ་བྱུང་བར། ལག་ཐོགས་ཁ་པར་དུ“ཨ་མ་ལགས། ག་དུས་ང་ལ་སྦྱོང་ཚན་ཟུར་ཁྲིད་གནང་གི་ཡིན་ནམ”ཞེས་པའི་བུ་མོའི་སྐད་འཕྲིན་འབྱོར། ཀྲུང་གོའི་སྨན་པའི་དུས་ཆེན་གྱི་སྔ་ནུབ་ཏུ་མཐའ་མཚམས་བརྟན་སྲུང་བྱས་ནས་ལོ་15སོང་བའི་གཞི་རིམ་གྱི་སྨན་པ་ཁོང་གིས་གསར་འགོད་པར་རང་ཉིད་ཀྱི་བསམ་འདུན་བརྗོད།

    “ཡུལ་མིར་སྨན་པ་བསྟེན་པར་དེ་བས་སྟབས་བདེ་དང་ན་གཞོན་སྨན་དོན་པ་དེ་བས་མང་བས‘རྒྱུག་མཐུད་དབྱུག་པ’བླངས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོར་མི་སེར་གྱི་བདེ་ཐང་སྲུང་རྒྱུའི་རེ་བ་ཡོད། ང་ཚོའི་འདི་གར་མི་དཀོན་པོ་ཡོད་པ་དང་ལྷག་པར་དུ་ནད་ལྟ་ཐུབ་མཁན་སྨན་པ་དེ་བས་དཀོན་པོ་ཡོད། དེ་བཞིན་གོ་ཆོད་རྩལ་ནུས་ལྡན་པའི་གསོ་སྦྱོང་འཛིན་གྲྭ་མང་ཙམ་གཉེར་ནས་ང་ཚོ་གཞི་རིམ་གྱི་སྨན་པ་རྫོང་སྨན་ཁང་དང་གྲོང་ཁྱེར་སྨན་ཁང་དུ་སློབ་སྦྱོང་བྱེད་པར་འགྲོ་བའི་གོ་སྐབས་ཐོབ་རྒྱུའི་རེ་བ་ཡོད། སློབ་སྦྱོང་བྱེད་པའི་དུས་ཚོད་ཟླ་ཕྱེད་ཙམ་ལས་མེད་ཀྱང་ལག་རྩལ་མཐོ་རུ་འགྲོ་གི་རེད”ཅེས་བསོད་ནམས་ཕན་ཐོགས་ཀྱིས་བརྗོད།

    2011ལོར་བསོད་ནམས་ཕན་ཐོགས་བོད་ལྗོངས་སློབ་ཆེན་གསོ་རིག་ཚན་ཁག་ནས་ཐོན་ཏེ་སྐྱིད་གྲོང་རྫོང་ཀོ་ཐང་ཤང་འཕྲོད་བསྟེན་ཁང་དུ་ལས་ཀར་ཞུགས། སྐབས་དེ་དུས་ཤང་དེ་ཡོངས་ཀྱི་མང་ཚོགས་1000ལྷག་ཙམ་རང་བྱུང་གྲོང་ཚོ་11ལ་ཁ་ཐོར་དུ་གནས་ཡོད་པ་དང་། འཕྲོད་བསྟེན་ཁང་དུ་ཁྲག་ཤེད་ལྟ་ཆས་དང་། ཉན་བརྟག་ཡོ་བྱད། ཚ་བ་ལྟ་ཆས་བཅས་སྒྲིག་ཆས་3ལས་མེད། དུས་ཚོད་རིང་པོ་མ་སོང་བར་དེར་ཡོད་པའི་སྨན་པ་གཅིག་རྗེས་གཉིས་མཐུད་དུ་ལས་སྒྱུར་བྱས་ཏེ་ཁ་བྲལ།

    དེ་སྔ་ཁོང་ལའང་ལས་སྒྱུར་བྱེད་པའི་བསམ་ཚུལ་ཡོད་མོད། འོན་ཀྱང་མཐར་དེ་གར་སྡོད་རྒྱུའི་སེམས་ཐག་བཅད་ཅིང་། “ང་ནི་གྲོང་གསེབ་ནས་ཡིན་པས་གཞི་རིམ་དུ་སྨན་པ་དང་སྨན་དཀོན་པའི་དཀའ་གནད་ཤེས་ཀྱི་ཡོད། གལ་ཏེ་ང་ཡང་འདི་གར་མ་བསྡད་ན་མི་གཞན་གྱིས་སྡོད་འདོད་ག་ལ་བྱེད”ཅེས་བཤད།

    སྐབས་དེ་དུས་མང་ཚོགས་ཀྱི་སྒོ་འགྲམ་དུ་སྨན་བཅོས་བྱེད་པར་འགྲོ་ཆེད་བསོད་ནམས་ཕན་ཐོགས་ཀྱིས་རྟ་བཞོན་རྩལ་སྦྱངས། དེ་གར་རི་མཐོ་ལ་གཡང་གཟར་བ་དང་མར་ལྟ་སྐབས་སྨི་བརྒྱ་ལྷག་ཙམ་ཟིན་པའི་གཡང་གཟར་ཁོ་ན་རེད། ཁོང་གིས་ལས་རོགས་དང་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་དང་མཉམ་དུ་ཁྱིམ་ཚང་ཁྲི་སྟོང་མང་པོར་སྨན་སྐྱེལ་གྱི་ཡོད། ཁོང་གི་སེམས་སུ་སྦྲུམ་མ་སུ་ཕྲུ་གུ་སྐྱེ་གྲབས་ཡོད་པ་དང་། ཕྲུ་གུ་སུ་ཞིག་ལ་རིམས་འགོག་སྨན་ཁབ་རྒྱག་རན་པ། རྒན་རྒོན་སུ་ལ་གཅོང་ནད་ཡོད་པ་སོགས་ཀྱི་ཐོ་གསལ་པོ་ཡོད།

    2014ལོའི་ཟླ་བདུན་པའི་ཐོ་རེངས་ཤིག་ལ། གློ་བུར་དུ་ཁ་པར་ཞིག་འབྱོར་ནས་སྦྲུམ་མ་ཞིག་ཕྲུ་གུ་སྐྱེས་རྗེས་ཁྲག་མང་པོ་དོན་ནས་ཉེན་ཁའི་གནས་སུ་གྱར་འདུག་ཅེས་བཤད། སྐབས་དེ་དུས་ཆར་པ་བབས་མ་ཐག་ཡིན་པས་ལམ་འདམ་རྫབ་ཀྱིས་ཁེངས་ཀྱང་བསོད་ནམས་ཕན་ཐོགས་དང་ལས་རོགས་ཀྱིས་ནམ་མ་ལངས་གོང་ནས་ལམ་ལ་ཆས། དེ་གར་འབྱོར་དུས་སྦྲུམ་མ་དེ་ལུས་ཟུངས་ཉམས་ནས་སྐད་ཆའང་ཤོད་ཐུབ་ཀྱི་མེད་པ་རེད། ཁོང་གིས་མྱུར་དུ་སྨན་བཅོས་བྱས་ནས་ཆུ་ཚོད་གཅིག་ལྷག་ཙམ་སོང་རྗེས་ནད་པ་ཉེན་ཁ་ལས་ཐར་བས་ཁོང་གི་སེམས་ཀྱང་ལྷོད་ལ་བབས་ལ། རང་གི་གྱོན་ཆས་རྔུལ་ཆུ་དང་ཟིལ་པས་རློན་པ་ཆགས་པ་གཞི་ནས་ཚོར།

    2018ལོར། རྒན་མོ་ཞིག་ཕྱུགས་འཚོ་སྐབས་གློ་བུར་དུ་ཁྲག་སྐྱུགས་པས་བསོད་ནམས་ཕན་ཐོགས་ཀྱིས་རི་གཤམ་བར་སྦག་སྦག་བཏང་བ་དང་དེ་ནས་རྟ་ཞོན་ནས་ཕྱིན། དེ་གར་སླེབས་རྗེས་ཁོང་གིས་རྒན་མོར་སྨན་སྟེར་བ་དང་། སྨན་ཆུ་སྒྲོག་པ། གཟེར་འཇོམས་སྨན་ཁབ་རྒྱག་པ་བཅས་བྱས་པས་ཉེན་ཁ་ལས་ཐར་བ་དང་དེ་ཉིན་དགོང་མོ་ཁོང་དེ་གར་བསྡད། ལོ་ཕྱེད་སོང་རྗེས་རྒན་མོའི་བུ་མོར་ཁོང་འཕྲད་སྐབས“ཁྱེད་ཀྱི་བཀའ་དྲིན་ལས་ངའི་ཨ་མའི་སྲོག་སྐྱོབ་ཐུབ་སོང”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

    ཁོང་ལ་ལས་ཀའི་ཐད་གནོང་འགྱོད་སྤུ་ཙམ་ཡང་མེད་ཀྱང་ཁྱིམ་ཚང་ལ་ལྟ་རྟོག་མ་ཐུབ་པའི་གནོང་འགྱོད་ཆེན་པོ་ཡོད། བསོད་ནམས་ཕན་ཐོགས་ཀྱི་ཁྱིམ་རྒྱལ་རྩེ་རྫོང་དུ་ཡོད་པ་དང་སྐྱིད་གྲོང་རྫོང་དང་བར་ཐག་སྤྱི་ལེ་600ལྷག་ཆོད་ཡོད་པ་མ་ཟད། རླངས་འཁོར་བཏང་ན་ཆུ་ཚོད་10ཙམ་འགོར་གྱི་ཡོད། ལས་ཀར་ཞུགས་ནས་ལོ་10ལྷག་ཙམ་སོང་རིང་ཁོང་ཁྱིམ་དུ་ལོག་ནས་ལོ་གསར་གཏོང་བ་ནི་ཧ་ཅང་ཉུང་ཉུང་རེད། དེའི་སྐོར་གླེང་སྐབས་བསོད་ནམས་ཕན་ཐོགས་ཀྱིས“འདི་གར་ཡང་ངའི་ཁྱིམ་ཡིན་ལ། ཡུལ་མིའང་ངའི་ནང་མི་དང་ཁྱད་མེད། ལོ་མང་རིང་ངས་ཕྲུ་གུ་དང་མཉམ་དུ་སྡོད་པའི་དུས་ཚོད་ནི་ཧ་ཅང་ཉུང་ཉུང་ཡིན། ཁ་པར་རྒྱག་རིམ་བཞིན་བུ་མོས‘ཨ་མ་ལགས། ཁྱེད་རང་ག་དུས་ལོག་ཕེབས་ཀྱི་ཡིན་ནམ’ཞེས་འདྲི་གི་འདུག དེས་ན་ཕྲུ་གུའི་སྦྱོང་ཚན་ལ་ཟུར་ཁྲིད་བྱེད་ཁོམ་དེ་བས་མང་བ་དང་ཕྲུ་གུ་དང་མཉམ་དུ་མང་ཙམ་སྡོད་རྒྱུ་ཡོང་བའི་རེ་བ་ཡོད”ཅེས་མགྲིན་པ་བརྣངས་བཞིན་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།