དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཏ་ཐུང་རྫོང་གིས་ཁྱད་ལྡན་ངལ་ནུས་སྤུས་རྟགས་བཏོད་པ།

    “ཏ་ཐུང་གི་ནད་སྐྱོང”ལས་གནས་ཀྱིས་མི་ཁྲི་1.4ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཅང་མོང་།   |     སྤེལ་དུས།  2026-08-21

    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་ལོ་44ལ་སླེབས་པའི་ལིན་ཡུང་ཧུང་གིས་མི་ཚེ་ཕྱེད་ཀ་ཙམ་ཞིང་ཁ་བཏབ་པ་དང་། ན་ནིང་ལས་ཀ་བསྒྱུར་ནས་ནད་སྐྱོང་ལས་ལ་ཞུགས། “ལས་གནས་སུ་ཐོག་མར་ཞུགས་ཏེ་ནད་སྐྱོང་ལས་ཀ་ཉིན་5ཚར་རྗེས་ནད་པས་ང་ལ་གདེང་འཇོག་ཆེན་པོ་བྱེད་ཀྱི་འདུག རྩལ་ནུས་ཤེས་པ་དང་སེམས་སུ་གདེང་ཚོད་ཡོད་པའི་ཁར་ཡོང་འབབ་ཀྱང་དེ་བས་བརྟན་དུ་ཕྱིན་སོང”ཞེས་ལིན་ཡུང་ཧུང་གིས་དགའ་ཚོར་ཆེན་པོས་བཤད།

    ཉི་མ་གནམ་ལ་ཤར་ཚད་ཞིང་ནང་མུ་ཁར་བྲེལ་བ་ནས་ནད་སྐྱོང་བའི་ལས་གནས་བར་ལིན་ཡུང་ཧུང་གི་འགྱུར་ལྡོག་ནི་ཏ་ཐུང་རྫོང་གི་ནད་སྐྱོང་བའི་ཐོན་ལས་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད།

    སྲོལ་རྒྱུན་གྱི་ཞིང་ལས་རྫོང་ཞིག་ཡིན་པའི་ཏ་ཐུང་རྫོང་དུ་གྲོང་གསེབ་ཀྱི་རྒྱུན་སྡོད་མི་འབོར་གྱིས་བཅུ་ཆ་དྲུག་ལྷག་ཙམ་བཟུང་ནས་ལས་ཞུགས་ཐབས་ལམ་ཡངས་པོ་མེད་པ་དང་འབབ་འཕར་ཐབས་ལམ་དཀོན་པ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གནས་ཡོད། “ཉེ་བའི་ལོ་ཤས་རིང་། ‘རྒན་གཅིག་གཞོན་གཅིག་དང་ནད་པར’ལྟ་སྐྱོང་བྱེད་པའི་དགོས་མཁོ་ཆེ་ལ་ནད་སྐྱོང་ལས་རིགས་ལ་ལས་མི་མཁོ་ཆེ་བ་དང་ཆེད་ལས་ཞབས་ཞུའི་སྟོབས་ཤུགས་ཀྱིས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་རེད”ཏ་ཐུང་རྫོང་ལས་ཞུགས་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་ཏའེ་གོ་ཚང་གིས་ངོ་སྤྲོད་བྱས་པར། ཁེ་ལས་ཀྱིས་སྔོན་ལ་འཚོལ་ཞིབ་བྱེད་པའི་རྨང་གཞིའི་ཐོག་ས་གནས་དེ་གས་སྤུས་རྟགས་ཅན་གྱི་བསམ་ཕྱོགས་ནས་ནད་སྐྱོང་བའི་ཐོན་ལས་འཕེལ་རྒྱས་བཏང་སྟེ“ཏ་ཐུང་གི་ནད་སྐྱོང”ཞེས་པའི་ཁྱད་ལྡན་ངལ་ནུས་སྤུས་རྟགས་གཏོད་རྒྱུའི་ཐག་བཅད་པ་རེད།

    2024ལོའི་ཟླ་6པར། “ཏ་ཐུང་གི་ནད་སྐྱོང”འདི་ཉིད་ཟི་ལིང་གྲོང་ཁྱེར་གྱི“ཟི་ལིང་མིང་ཅན”གྱི་ངལ་ནུས་སྤུས་རྟགས་ཁག་གསུམ་པར་གཏན་འཁེལ་བྱས་པ་རེད། ཐོན་ལས་ཚད་ལྡན་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། 2025ལོར་ཏ་ཐུང་རྫོང་གིས་ཏ་ཐུང་ནད་སྐྱོང་བའི་ཐོན་ལས་རྟེན་གཞི་གཉེར་སྐྱོང་ཚད་ཡོད་ཀུང་སི་བཙུགས་ནས“ཏ་ཐུང་གི་ནད་སྐྱོང”ངལ་ནུས་སྤུས་རྟགས་གཉེར་སྐྱོང་བྱེད་པོར་བརྩིས་པ་རེད།

    རྟེན་གཞིས་ཅི་ཞིག་སློབ་བམ་ཞེ་ན། སྨན་བཅོས་ནད་སྐྱོང་བ་དང་། མ་བུའི་ནད་སྐྱོང་བ། རྒན་གསོའི་ནད་སྐྱོང་བ། ཁྱིམ་ལས་སྤྱི་གཉེར་བ་སོགས་ལས་གནས་མི་འདྲ་བར་གཞིགས་ནས་རྟེན་གཞིས་རིགས་པའི་གཞུང་ལུགས་དང་དངོས་སྤྱོད་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད།

    ཚང་མའི་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་ཆེད། ཏ་ཐུང་རྫོང་གིས“འགན་ལེན་ལྔ་དང་རྩ་ཆག་དྲུག”གི་སྲིད་ཇུས་བཏོན་པ་སྟེ། ཟས་སྡོད་འགྲོ་གསུམ་དང་། གསོ་སྦྱོང་། ལས་ཞུགས་བཅས་ལ་འགན་ལེན་བྱེད་པ་དང་། གྱོན་ཆས་དང་། གཟུགས་པོ་བརྟག་དཔྱད། འགན་བཅོལ། བསླབ་གཞི་དང་དཔྱད་གཞིའི་ཡིག་རིགས། དཔྱད་འདོམས་བཅས་ཀྱི་འགྲོ་གྲོན་རྩ་ཆག་བཏང་ཡོད། “འགྲོ་གྲོན་ཚང་མ་སྲིད་གཞུང་གིས་འགན་འཁུར་གྱི་ཡོད། གལ་ཏེ་ལས་ཀར་ཞུགས་འདོད་ཡོད་ཕྱིན་ང་ཚོས་འགོ་ནས་མཇུག་བར་རིན་པ་ལེན་གྱི་མེད་ལ་ལས་གནས་འཚོལ་རོགས་བྱེད་ཀྱི་ཡོད”ཅེས་ཏ་ཐུང་ནད་སྐྱོང་བའི་ཐོན་ལས་རྟེན་གཞི་གཉེར་སྐྱོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཡ་ཆུང་གིས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། གསོ་སྦྱོང་དུས་ཡུན་ཉིན་7ནས་21བར་ཡིན་པ་དང་། རྟེན་གཞིར་གསོ་སྦྱོང་བྱས་རྗེས་སློབ་མ་90%ཡན་ལ་ལག་ཁྱེར་རག་གི་ཡོད་པ་རེད། “ང་ཚོས་དགོས་མཁོ་ལྟར་གསོ་སྦྱོང་བྱེད་ཀྱི་ཡོད། སློབ་མར་གསོ་སྦྱོང་ཚར་མེད་ཀྱང་མངགས་ཐོ་སྔོན་ལ་འབྱོར་བའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད”ཅེས་ལིའུ་ཡ་ཆུང་གིས་བཤད།

    ཏ་ཐུང་རྫོང་གིས་ད་དུང་ནད་སྐྱོང་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཞབས་ཞུའི་མ་ལག་བཙུགས་ཡོད། “རྟེན་གཞིས་ཞིང་ཆེན་ནང་ཁུལ་གྱི་སྨན་ཁང་22དང་བཅའ་སྡོད་གྲོས་མཐུན་བཞག་ནས་ནད་སྐྱོང་བ་གསོ་སྦྱོང་ཚར་རྗེས་ལས་གནས་ཡོད་པའི་འགན་ལེན་བྱས་ཡོད། སློབ་མ་གསར་པ་ལས་གནས་སུ་མ་ཞུགས་གོང་ངེས་པར་དུ་ཉིན་3ནས་5བར་དགེ་རྒན་དང་མཉམ་དུ་ལས་གནས་སུ་སྦྱོང་བརྡར་ལ་སྐྱོད་དགོས”ཞེས་ལིའུ་ཡ་ཆུང་གིས་ངོ་སྤྲོད་བྱས། གོང་གི་མངགས་ཐོ་ཚར་ནས་མངགས་ཐོ་རྗེས་མ་མ་རག་བར་གྱི་སྡོད་ཁང་གི་དཀའ་གནད་ཐག་གཅོད་བྱ་ཆེད། རྟེན་གཞིས་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁུལ་དང་། ཏ་ཐུང་རྫོང་། གཏེར་ལེན་ཁ་གྲོང་ཁྱེར་སོགས་སུ“ནད་སྐྱོང་བའི་ས་ཚིགས”བཙུགས་ནས་རིན་པ་མི་དགོས་པའི་གནས་སྐབས་སྡོད་ཁང་མཁོ་འདོན་བྱས་ཡོད།

    མིག་སྔའི་བར། “ཏ་ཐུང་གི་ནད་སྐྱོང”སྤུས་རྟགས་ཀྱིས་མི་ཁྲི་1.4ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་ནད་སྐྱོང་ཁྲོམ་རའི་སྐལ་གྲངས་ཀྱི་60%ཡན་ཟིན་པ་མ་ཟད། རིམ་པ་བཞིན་ཞིང་ཆེན་ཕྱིར་རྒྱ་སྐྱེད་གཏོང་བཞིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཏ་ཐུང་རྫོང་གིས་2027ལོར་ནད་སྐྱོང་བ་ཁྲི་3ཡན་ལས་ཞུགས་ཐུབ་ནས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ཡན་ཟིན་པ་བྱེད་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།