ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པ།

འདི་ནི་ཁྲེང་ཀོན་ཆུས་ཀྱི་ཁྱིམ་ཚང་སྨན་པ་སྡེ་ཁུལ་དུ་བསྐྱོད་དེ་གན་འཇོག་ཞབས་ཞུའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

འདི་ནི་ཁྲེང་ཀོན་ཆུས་ཀྱིས་ལས་ཞུགས་ཚོགས་སྤྱི་གསར་པའི་ཁྱིམ་ཚང་སྨན་པའི་གན་འཇོག་དང་བདེ་ཐང་གི་འོས་འགན་སྨན་བཅོས་བྱེད་བཞིན་པ།
ད་ལོའི་ཟླ་4པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས“ཁྱིམ་ཚང་སྨན་པ་སྡེ་ཁུལ་དུ་བསྐྱོད་དེ་གན་འཇོག་ཞབས་ཞུའི”བྱེད་སྒོ་སྤེལ་ཞིང་། ལས་དོན་དེར་སྐུལ་འདེད་རྒྱུན་མཐུད་བཏང་བ་དང་བསྟུན་ནས་ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་ཁག་གིས་ཁོངས་གཏོགས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་གྲོང་ཚོ(གྲོང་ལྷན)རེར་ཐབས་ཇུས་རེ་དང་། ཞབས་ཞུ་གནད་སྨིན། རྒྱུན་རྣམ་གྱི་ཁ་ཆད་ལག་བསྟར་བཅས་མཐའ་འཁྱོངས་བྱས་ནས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་དེ“གན་རྒྱ་བཞག་སྟེ་ཁ་ཆད་བྱེད་པ”ནས“ཁ་ཆད་བྱས་ཏེ་ལས་དོན་སྤེལ་བ་དང་དྲོ་སྐྱིད་ཚོར་བའི་ཞབས་འདེགས་ཞུ་བའི་བར”རྒྱ་སྐྱེད་གཏིང་ཟབ་བཏང་སྟེ། “བདེ་ཐང་སྲུང་མཁན”དེ་གཞི་རིམ་བཅོས་སྐྱོང་གི་དྲོ་སྐྱིད་ལྡན་ཤོས་སུ་དངོས་འབྲེལ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།
བདེ་ཐང་ཞབས་ཞུར“ཨ་ལན་སློག་མཁན་ཡོད་པ་དང་དོ་དམ་བྱེད་ཐུབ་པ”བྱས་པ།
ཞབས་ཞུའི་བྱེད་སྒོ་འགོ་ཚུགས་མ་ཐག་པའི་སྐབས་སུ“གན་འཇོག་ལ་སྣང་ཆེན་དང་ཁ་ཆད་ལག་བསྟར་སྣང་མེད་དུ་གཏོང་བའི”དཀའ་གནད་ཇི་ལྟར་སེལ་རྒྱུ་དེ་ཁྲོམ་གཞུང་ཁག་ལ་འཕྲད་པའི་རྒྱུགས་གཞི་དང་པོར་གྱུར་ཡོད། དེར་བརྟེན་ཁྲེང་ཀོན་ཆུས་ཀྱི་ཁྲོམ་གཞུང་ཁག་གིས་ཇུས་བསྟར་གནད་སྨིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ཚལ་གུང་ཐང་ཁྲོམ་གཞུང་གིས་གྲོང་ཚོ་དང་སྡེ་ཁུལ་ཁག་གི་ཁྱད་ཆོས་དང་མི་འབོར་གྲུབ་ཆར་གཞིགས་ནས“གྲོང་ཚོ(གྲོང་ལྷན)རེར་ཐབས་ཇུས་རེ”ལག་ལེན་བསྟར་ཡོད།
དྲིན་སྐྱོང་གླིང་སྡེ་ཁུལ་གྱིས་གནས་སྤོས་ཁུལ་ཆུང་ལ་རྒན་རྒོན་མང་བ་དང་གཅོང་ནད་ཕོག་པའི་ནད་པ་གཅིག་སྡུད་ཆེ་བའི་ཁྱད་ཆོས་ལ་དམིགས་ཏེ། སྡེ་ཁུལ་དང་། འཕྲོད་བསྟེན་ས་ཚིགས། སྡེ་ལས་བཅས་ཕྱོགས་གསུམ་མཉམ་འགུལ་གྱི་ལམ་སྲོལ་བཙུགས་ཏེ། ཁུལ་ཆུང་9ཡི་དྲ་ཐོག་གན་འཇོག་བགྲོད་ལམ་ཤར་གཏོང་བྱས་པ་རེད།
ཚལ་གུང་ཐང་ཁྲོམ་གཞུང་གིས་འཚོལ་ཞིབ་བྱེད་པ་དང་ཆབས་ཅིག་ཀརྨ་དགོན་གསར་ཁྲོམ་གཞུང་གིས་ཀྱང་“སྡེ་ཁུལ་རེར་ཁྱད་ཆོས་རེའི”ཞབས་ཞུའི་སྤུས་རྟགས་བཏོད་ཡོད།
ཁམས་བཟང་སྡེ་ཁུལ་གྱིས“རིགས་གསུམ་གྱི་རིམ་དབྱེའི་དོ་དམ”ཁྱབ་གདལ་བཏང་ནས་བདེ་ཐང་གི་ཉེན་ཁར་གཞིགས་ཏེ་དམིགས་བསལ་གཅེས་སྐྱོང་མི་སྣ་109དེ་དག་ཉེན་ཁ་ཆེ་འབྲིང་ཆུང་གསུམ་དུ་དབྱེ་ནས་ཉིན་ལྟར་སྒོ་རྩར་བསྐྱོད་པ་དང་། གཟའ་འཁོར་རེར་འཚམས་འདྲི་བྱེད་པ། ཟླ་རེར་འཚམས་ལན་ཞུ་བ་བཅས་བྱས་ཡོད།
གན་འཇོག་ཞབས་ཞུ“གཞི་རིམ་དུ་རྩ་བ་ཚུགས་པར”བྱས་པ།
གན་འཇོག་ཞབས་ཞུ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་བསྟུན་ནས་ཁྱིམ་ཚང་སྨན་པ་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་མཉམ་འདྲེས་ཇི་ལྟར་ཡོང་བ་བྱ་རྒྱུ་དེ་གོམ་སྟབས་རྗེས་མའི་ལས་ཀའི་འགག་རྩར་གྱུར་ཡོད། ཁྲེང་ཀོན་ཆུས་ཀྱིས་དྲ་མིག་ཅན་གྱི་བཅོས་སྐྱོང་ལེགས་ཆ་གང་ལེགས་བཏོན་ནས་བདེ་ཐང་ཞབས་ཞུ་སྡེ་ཁུལ་བཅོས་སྐྱོང་ནང་བཅུག་ཡོད།
བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གིས་གན་འཇོག་ཚོགས་པ་དང་དྲ་མིག་93སྦྲེལ་མཐུད་གནད་སྨིན་བྱས་ཏེ། ས་ཁོངས་5དང་ཁག་ཐེངས་20ཡི་གན་འཇོག་འཆར་གཞི་བཟོས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་དང་གན་འཇོག་ཞབས་ཞུ་མཉམ་འདྲེས་ཀྱིས་གན་འཇོག་མི་འབོར་ཁྲི་ལས་བརྒལ་བ་དང་ཁྱབ་ཚད་50%ཟིན་རྒྱུར་སྐུལ་འདེད་བཏང་ཡོད།
གཞི་རིམ་དུ་ཞབས་འདེགས་ཞུས་པ་དང་ཆབས་ཅིག་མ་ལག་ཀྱང་སྟོབས་ཆེར་བཏང་ཡོད། ཉང་བྲན་ཁྲོམ་གཞུང་གིས“མཁོ་ཆོད་སྨན་པ་དང་། སྡེ་ཁུལ་གྱི་ནད་སྐྱོང་བ། སྤྱི་པའི་འཕྲོད་བསྟེན་གྱི་ཆེད་མི། སྡེ་ཁུལ་གྱི་དྲ་མིག་པ། ཆུས་རིམ་པའི་སྨན་ཁང་གི་བློ་འདྲི་བ་བཅས་ཕྱོགས་ལྔའི་མཉམ་འགུལ་ཞབས་ཞུའི་སྒྲོམ་གཞི་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་རྨང་གཞིའི་དྲ་མིག་98དང་དུད་སྦྲེལ་འཐུས་མི་791ཞབས་ཞུའི་དྲ་རྒྱའི་ནང་བཅུག་སྟེ་ས་ཁོངས་དང་མི་ཚོགས་ཡོངས་ལ་ཁྱབ་པར་བྱས་ཡོད།
ས་མཐོའི་སྨན་བཅོས་ལ“དྲོ་སྐྱིད་དང་སྤུས་ཚད་གཉིས་ཀ་ཡོད་པར”བྱས་པ།
གན་འཇོག་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་ཞབས་ཞུའི་དྲ་རྒྱ་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་ཞིང་། མང་ཚོགས་ལ་དྲོ་སྐྱིད་དང་སྤུས་ཚད་དངོས་སུ་ཚོར་ཐུབ་པ་ནི་ཡུལ་བབ་དང་བསྟུན་པ་དང་མི་ལ་བསྟུན་ནས་ཐབས་ཇུས་ལག་ལེན་བསྟར་བའི་ཁྱད་ལྡན་ཐུགས་ཁུར་ཡིན། ས་མཐོའི་བདེ་ཐང་ལྟ་སྐྱོང་ལ་དེ་ལྟ་བུའི་བློ་གྲོས་དང་དྲོ་སྐྱིད་དེ་བས་ལྡན་དགོས།
གླིང་ཕྲན་གཉིས་ཁྲོམ་གཞུང་ལྷ་ཞབས་གླིང་ཕྲན་སྡེ་ཁུལ་གྱིས་ཕྱི་ནས་ཡོང་བའི་ཚོང་པར་དམིགས་ཏེ་ཆེད་དོན་དྲིལ་བསྒྲགས་བྱས་པ་དང་ཁྱིམ་ཚང་གི་གན་འཇོག་དྲིལ་བསྒྲགས་ཤོག་བྱང་300ལྷག་ཙམ་སྤྲད་ཡོད། ཀརྨ་དགོན་གསར་ཁྲོམ་གཞུང་འཇག་མ་སྒང་སྡེ་ཁུལ་གྱིས་བོགས་གཏོང་ཁང་པའི“རྒན་གཅིག་གཞོན་གཅིག”ལ་དམིགས་ཏེ། ལོ་60ཡན་གྱི་རྒན་རྒོན་དང་ལོ་0ནས་6བར་གྱི་བྱིས་པའི་ཆེད་དོན་ཞབས་ཞུའི་ཟུར་བཙུགས་རྩིས་ཁྲ་བཟོས་ནས། ཁྱད་པར་ཅན་གྱི་བདེ་ཐང་ཞབས་འདེགས་ཞུས་ཡོད། ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་མཉམ་འགུལ་ཁྲོམ་གཞུང་འཕྲོད་བསྟེན་ཁང་གིས་དྲ་མིག་ཏུ་དམིགས་འཛུགས་དམངས་ཕན་སྨན་བཅོས་ཞབས་འདེགས་ཞུས་ཏེ། ས་ཡུལ་དངོས་ནས་གྲོང་ཚོའི་རྒན་རྒོན་ལ་སྨན་གཏོང་སྟངས་སློབ་པ་དང་བདེ་ཐང་སྐོར་མཛུབ་ཁྲིད་བྱེད་ཀྱི་ཡོད།
རྒྱལ་ཁབ་ཀྱིས་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི“རྒྱ་སྐྱེད་དྲུག”གི་སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་བསྟུན་ནས། ཁྲེང་ཀོན་ཆུས་ཀྱིས་ཞབས་ཞུའི་ནང་དོན་ཟབ་ཏུ་བཏང་སྟེ། མཉམ་འབྲེལ་དྲ་རྒྱ་དང་གན་འཇོག་ཞབས་ཞུ་ཟུང་འབྲེལ་གྱི་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་སྐོར་དུས་ཐོག་ཏུ་འདྲི་རྩད་ཏན་ཏིག་བྱེད་པ་དང་ཁྱིམ་ཚང་སྨན་པའི་ཚོགས་པའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གན་འཇོག་ཞབས་ཞུའི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་བ་དང་། ཁྱབ་ཁོངས་རྒྱ་སྐྱེད། ཕན་འབྲས་ཆེར་ཐོན་བཅས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
“གན་རྒྱ་བཞག་སྟེ་ཁ་ཆད་བཟོས་པ”ནས“ཁ་ཆད་བྱས་ཏེ་ལས་དོན་སྤེལ་བའི”བར། ཁྲེང་ཀོན་ཆུས་ཀྱིས་མཐོང་ཐུབ་པ་དང་ཚོར་ཐུབ་པའི་བདེ་སྲུང་གི་ལས་དོན་དངོས་ལ་བརྟེན་ནས། ས་མཐོའི་མང་ཚོགས་ཀྱི་བདེ་ཐང་སྲུང་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།