བརྩེ་སེམས་སྦྲང་ཆར་ཟིལ་མ་ཡིས། མཐའ་མཚམས་ཞིང་ས་བརླན་པར་བྱེད།
—— གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གྲང་ལུང་ཤང་གནས་གྲོང་ཚོའི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བ་མཆོག་སྐྱིད་ཀྱི་སྐོར་བཀོད་པ།

འདི་ནི་བཅའ་སྡོད་དཔོན་དམག་གིས་ཨ་མ་མཆོག་སྐྱིད་ལ་འཚམས་འདྲི་བྱེད་བཞིན་པ།
སྟོན་ཟླ་བརྒྱད་པའི་ཟླ་འགོར། ངེད་ཚོ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་གསར་འགོད་པས་ཆ་སྙོམས་ས་བབ་སྨི་4700ཟིན་པའི་གམ་པ་རྫོང་དུ་བསྐྱོད་དེ། རྒྱལ་ཡོངས་ཁྱོན་ལ་མཚན་སྙན་ཁྱབ་པའི་གྲང་ལུང་ཤང་གནས་གྲོང་ཚོའི་ཡུལ་མི་མཆོག་སྐྱིད་ཀྱི་མཛད་རྗེས་སྐོར་ལ་བཅར་འདྲི་ཞུས་པ་ཡིན།
གམ་པ་རྫོང་གི་ཆགས་ཚུལ་ནི་རང་རྒྱལ་དང་རྒྱ་གར། འབྲུག་ཡུལ་བཅས་རྒྱལ་ཁབ་གསུམ་གྱི་གསུམ་མདོར་འཁེལ་ཞིང་། མཐའ་མཚམས་མཐོ་གྲང་ཁུལ་གྱི་གྲང་རླུང་ངར་པོ་ལོ་གཅིག་དུས་བཞིར་བར་མཚམས་མི་ཆད། གྲང་ཟུག་དང་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཏུ་གཞིས་ཆགས་པའི་ཡུལ་མི་མཆོག་སྐྱིད་ནི་ད་ལོ་དགུང་གྲངས་63ལ་སླེབས་ཀྱང་། ཁོང་གིས་མི་ལོ་བཞི་བཅུ་ལྷག་ཙམ་རིང་རང་གི་ཨ་མ་ལྷ་སྐྱིད་ཀྱི་གསར་བརྗེའི་དམག་བཀུར་གྱི་ཐོག་མའི་བསམ་འདུན་རྒྱུན་འཛིན་དང་མཐའ་མཚམས་སུ་གཞི་ཚུགས་པའི་འགྱུར་མེད་དམ་བཅའ་བློ་ལ་བརྟན་པོར་ངེས་ཏེ། བབ་ཆགས་ཤོས་ཀྱི་བརྟན་སྲུང་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས་དམག་བཀུར་དམག་གཅེས་དང་། མཐའ་སྲུང་མཐའ་བརྟན། མང་ཚོགས་ལ་མཐུན་སྒྲིལ་བཅས་བྱས་ཏེ་གངས་ལྗོངས་ས་མཐོར་དམག་དམངས་ཉ་ཆུ་ལྟར་འདྲེས་པའི་བརྩེ་སེམས་མུ་མཐུད་འཆང་བཞིན། ཚེ་གང་རིང་མཐའ་མཚམས་མང་ཚོགས་ཚོའི་མཐའ་མཚམས་བརྟན་སྲུང་གི་འགན་འཁྲི་འཁུར་སེམས་མངོན་པར་བྱས་དང་བྱེད་མུས་ཡིན་པས། གངས་ལྗོངས་ས་མཐོའི་མཐའ་མཚམས་ཀྱི་དམག་བཀུར་རྒྱུན་འཛིན་པ་ཡག་ཤོས་སུ་གྱུར་ཡོད།
མཆོག་སྐྱིད་ཀྱི་དམག་བཀུར་བརྩེ་སེམས་ནི་ཁྱིམ་སྲོལ་ལ་རག་ལུས་ཡོད་དེ། ཆུང་བྱིས་པའི་དུས་ནས་བཟུང་ཁོང་གིས་ཨ་མ་དང་མཉམ་དུ་དམག་བཀུར་ཞབས་ཞུའི་ནང་ཞུགས་ཤིང་། ཨ་མས་ལོ་འཁོར་མོར་མཐའ་སྲུང་དཔོན་དམག་ལ་ཇ་བསྲུབས་མ་བསྐོལ་བ་དང་། དགུན་ཆས་བཙེམས་ནས་སྐྱེལ་བ། བཅའ་སྡོད་དཔོན་དམག་ལ་རོགས་སྐྱོར་བཅས་བྱས་དང་བྱེད་མུས་ཡིན་པ་མིག་མཐོང་ལག་ཟིན་ཡིན་ལ། བློ་མཐུན་ཁུང་ཧྥན་སེན་གྱིས་ཁོང་གི་ཕ་མར་ཕྱག་བྲིས་ཕྱག་བསྟར་གྱི་འཕྲིན་ལན་གནང་བའི་དྲོ་སྐྱིད་ལྡན་པའི་འདས་དོན་ཡང་སེམས་ལ་བརྟན་པོར་ངེས་ཡོད། དེ་ལྟར་ཨ་མས་མཐའ་སྲུང་དམག་མིར་རོགས་རམ་བྱས་པ་མིག་གིས་མཐོང་ཞིང་རྣ་བར་འཇགས་པས། བཅིངས་འགྲོལ་དམག་ནི་གཉེན་ཉེ་ཡིན་པ་དང་། མཐའ་མཚམས་སྲུང་བ་ནི་ཁྱིམ་གཞིས་སྲུང་བ་ཡིན་པའི་དད་སེམས་དེ་སེམས་ཀྱི་གཏིང་ལ་ཟུག་ཅིང་། དམག་བཀུར་དམག་གཅེས་དང་རྒྱལ་ཁབ་ཀྱི་དོན་དུ་སེམས་ཁྲལ་བྱེད་པའི་ས་བོན་གྱི་མྱུ་གུ་ཁོང་གི་སེམས་ནས་འབུས་ཡོད། ཨ་མ་ཚེ་ལས་འདས་རྗེས་མཆོག་སྐྱིད་ཀྱིས་དམག་བཀུར་གྱི་ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་བྱས་ཏེ་ཐོག་མའི་བསམ་འདུན་ལ་འགྱུར་བ་གཏན་ནས་མེད་པར་མཐའ་སྲུང་དཔོན་དམག་ལ་ཞབས་འདེགས་ཞུ་བ་དང་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་མི་ཚེ་གང་པོའི་ལས་འགན་ཞིག་ཏུ་བརྩིས་ནས། དཔུང་སྡེའི་བྱ་བ་དང་དཔོན་དམག་གི་བྱ་བ་ཐོག་མཐའ་བར་གསུམ་དུ་སེམས་ནང་བཞག་ནས་བྱ་སྤྱོད་དངོས་ལ་འཁྱོལ་བར་བྱས་ཡོད།
མེས་རྒྱལ་མཐའ་མཚམས་ཀྱི་མཐོ་གྲང་ཁུལ་དུ་དཀའ་ཚེགས་ཆེ་ལ་གསོ་རླུང་དཀོན་པ་དང་། དུས་བཞིར་བྱེ་རླུང་གིས་གཙེས་ཀྱང་མཆོག་སྐྱིད་ཀྱིས་ཐོག་མཐའ་བར་གསུམ་དུ་མཐའ་སྲུང་དཔོན་དམག་ཚོའི་བདེ་སྡུག་ལ་སེམས་ཁུར་བྱས་ཏེ། མཐའ་མཚམས་སོ་ལྟ་ཁང་དང་བཅའ་སྡོད་དམག་སྒར་ལ་དྲོ་སྐྱིད་སྦྱིན་ཡོད། “ཇ་བསྲུབས་མ་གང་མཆོད་དང་། ལུས་པོར་དྲོད་ཁུག་ཅིང་ངལ་དུབ་སེལ་ཐུབ”ཅེས་པ་ནི་མཆོག་སྐྱིད་ཀྱིས་དཔོན་དམག་ཚོར་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད། ལོ་བཞི་བཅུ་ལྷག་ཙམ་རིང་། ཁ་བ་བུ་ཡུག་འཚུབ་པའི་དགུན་དུས་སམ་ཡང་ན་ཚ་གྲང་ཧེ་བག་ཆེ་བའི་དབྱར་ཁ་གང་ཞིག་ཡིན་རུང་། ཁོང་གིས་ཉིན་ལྟར་ཞོགས་པ་སྔ་པོ་ནས་ལངས་ཏེ་དྲི་ཞིམ་འཐུལ་བའི་ཇ་བསྲུབས་མ་དང་། སྒོ་ང་དང་རྩམ་པ་སོགས་ཁྱེར་ནས་ལས་གནས་བརྟན་སྲུང་བྱེད་མཁན་གྱི་མཐའ་སྲུང་དཔོན་དམག་ཚོར་སྐྱེལ་གྱི་ཡོད་པས། ཨ་མ་མཆོག་སྐྱིད་ཀྱིས་བསྣམས་ཕེབས་པའི་ཇ་བསྲུབས་མ་ཕོར་པ་གང་གིས་མཐའ་སྲུང་དཔོན་དམག་ཚོའི་གྲང་རེག་སེལ་ཞིང་ས་མཐོའི་དཀའ་སྡུག་ཚང་མ་འཕྲལ་དུ་བརྗེད་ཐུབ་པས། དེ་ནི་ཁོང་ཚོའི་ཉིན་གཅིག་རིང་གི་དུས་ཚོད་སྐྱིད་ཤོས་དེ་རེད།
སྟོན་མཇུག་ཏུ། ས་མཐོའི་གནམ་གཤིས་གློ་བུར་གྲང་དུ་འགྲོ་བས་མཆོག་སྐྱིད་ཀྱིས་རང་འགུལ་ངང་གྲོང་ཚོ་ཡོངས་ཀྱི་བུད་མེད་ཚོ་སྐུལ་སློང་དང་སྣེ་ཁྲིད་དེ་བལ་གྱི་ལག་ཤུབས་དང་ཨུ་སུག ཀམ་པ་ལི་སོགས་བཏགས་ཏེ་དཔོན་དམག་ཚོར་རིན་པ་མེད་པར་སྤྲོད་ཀྱི་ཡོད་པས། ཁབ་སྐུད་རེ་རེ་ལས་བརྩེ་བ་ཟབ་མོ་མཚོན་ལ། དངོས་པོ་རེ་རེས་དཔོན་དམག་ཚོའི་སེམས་པར་དྲོ་སྐྱིད་སྦྱིན་པ། ལག་ཤེས་ཐོན་རྫས་རེ་རེས་མཐའ་མཚམས་མང་ཚོགས་ཀྱིས་མི་དམངས་བུ་ཕྲུག་དམག་ལ་བརྩི་བཀུར་དང་སེམས་ཁྲལ་བྱེད་པ་མཚོན་བཞིན་ཡོད།
དམག་བཀུར་ནི་དཔོན་དམག་ཚོར་རོགས་རམ་ཁོ་ན་བྱེད་པ་ཞིག་མིན་པར། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་དང་གཅིག་རྒྱུན་གཅིག་འཛིན་བྱེད་དགོས་པ་མཆོག་སྐྱིད་ཀྱིས་གསལ་པོར་ཤེས་ཀྱི་ཡོད་པ་མ་ཟད། མཐའ་མཚམས་བརྟན་པོ་བྱུང་ན་ཁྱིམ་གཞིས་བརྟན་པོ་ཡོང་བ་དང་མི་རིགས་མཐུན་སྒྲིལ་བྱུང་ན་མཐའ་མཚམས་དར་རྒྱས་ཡོང་བའང་གསལ་པོར་ཤེས་ཀྱི་ཡོད། ས་སྐྱེས་རྡོ་སྐྱེས་ཀྱི་མཐའ་མཚམས་ཡུལ་མི་ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་མཐའ་མཚམས་ཀྱི་བརྟན་ལྷིང་སྲུང་བ་དེ་འགན་འཁྲིར་བརྩིས་ནས། རང་འགུལ་ངང་སྲིད་ཇུས་སྒྲོག་འགྲེལ་པ་དང་དམག་དམངས་མཉམ་སྐྲུན་གྱི་སྐུལ་འདེད་པ་བྱས་ཡོད། ལོ་མང་རིང་ཁོང་གིས་གྲོང་གསེབ་དང་། སློབ་གྲྭ དགོན་སྡེ་བཅས་སུ་བསྐྱོད་དེ་གོ་བདེ་ཤེས་སླའི་སྐད་ཆའི་ལམ་ནས་ཏང་གི་མི་རིགས་སྲིད་ཇུས་དང་། རྒྱལ་སྲུང་ཤེས་བྱ། མཐའ་སྲུང་མཐའ་བརྟན་བཅས་ཀྱི་དོན་སྙིང་གལ་ཆེན་སྒྲོག་འགྲེལ་བྱས་པ་རེད། མ་སྨད་མི་རབས་གཉིས་ཀྱི་དམག་བཀུར་ཉམས་མྱོང་ལ་བརྟེན་ནས། དམག་དམངས་སེམས་མཐུན་དང་ལྟ་རེས་སྐྱོང་རེས་ཀྱི་མཐའ་མཚམས་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་དེ། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཡོད། མིག་སྔའི་བར། ཁོང་གིས་ཁྱོན་མང་ཚོགས་མི་ཐེངས་ཁྲི་གཅིག་ལྷག་ཙམ་ལ་སྒྲོག་འགྲེལ་སྣ་ཚོགས་ཐེངས་80ཙམ་བྱས་པར། མི་རིགས་མཐུན་སྒྲིལ་དང་དམག་བཀུར་གྱི་འདུ་ཤེས་མཐའ་མཚམས་མི་སེར་ཚོའི་ཡིད་ཀྱི་ཞིང་སར་དེ་བས་གཏིང་ཟབ་ཟུག་ནས་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད།
མི་གཅིག་གི་བརྟན་སྲུང་ནི་ཐོག་མའི་བསམ་འདུན་ཡིན། མི་མང་པོའི་རྒྱུན་འཛིན་ནི་སྟོབས་ཤུགས་ཡིན། དམག་བཀུར་དམག་གཅེས་དང་མཐའ་སྲུང་མཐའ་དར་གྱི་སྲོལ་རྒྱུན་བཟང་པོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་ཆེད། མཆོག་སྐྱིད་ཀྱིས་རྟག་ཏུ་ངག་སློབ་དཔེ་སྟོན་དང་དཔེ་སྟོན་སྣེ་ཁྲིད་ཀྱིས་ཕ་ཡུལ་གྱི་གཞོན་ནུར་དཔོན་དམག་གི་ལེགས་སྐྱེས་བློ་ལ་བརྟན་པོར་ངེས་པ་དང་མཐའ་མཚམས་ཀྱི་ཁྱིམ་གཞིས་སྲུང་དགོས་པའི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད། ཁོང་གི་འབོད་སྐུལ་དང་སྣེ་ཁྲིད་འོག གྲང་ལུང་ཤང་གི་དམག་བཀུར་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་པ་དང་། མཐའ་འཁོར་གྱི་གྲོང་ཚོས་མཐའ་བརྟན་མཐའ་དར་གྱི་དཔེ་སྟོན་ས་ཚིགས་གཅིག་རྗེས་གཉིས་མཐུད་དུ་བཙུགས་པ་མ་ཟད། རྒྱུན་དུ་དམག་དམངས་མཉམ་སྐྲུན་དང་། དམག་བཀུར་འཚམས་འདྲི། མཉམ་འབྲེལ་སྐོར་སྲུང་སོགས་ཀྱི་བྱེད་སྒོ་སྤེལ་བས་དམག་དམངས་སེམས་མཐུན་དང་། མཐའ་མཚམས་སྲུང་བ། མཉམ་སྐྲུན་མཉམ་བཅོས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
ཏང་ཡོན་རྒན་གྲས་མཆོག་སྐྱིད་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། གཞི་རིམ་དུ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་གདོང་ལེན་གྱི་མིག་དཔེ་སྟོན་ཡོད། ཁོང་གིས་རྒྱུན་དུ་རང་འགུལ་ངང་གྲོང་ཚོ་རིམ་པའི་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་ལ་ཞུགས་ཏེ། འགྲོ་ལམ་གཙང་འཕྱག་དང་སྔོ་འགྱུར་བདག་སྐྱོང་སོགས་སྤྱི་ཕན་བྱ་གཞག་ལ་ཧུར་ཐག་ཞུགས་པ་མ་ཟད། གྲོང་ཚོའི་ཁུག་ཀྱོག་གང་སར་གཙང་སྦྲ་བྱས་ནས་གྲོང་ཚོའི་ཁོར་ཡུག་ལེགས་སུ་གཏོང་གི་ཡོད། དེ་དང་ཆབས་ཅིག ཕ་ཡུལ་གྱི་གནས་ཚུལ་ལ་རྒྱུས་མངའ་ཡོད་པ་དང་དམངས་ཀྱི་འདོད་བློ་ཤེས་པ་བཅས་ཀྱི་ལེགས་ཆར་བརྟེན་ནས། གཞི་རིམ་བཅོས་སྐྱོང་གི་འཐབ་ས་དང་པོར། ཁོང་གིས་ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་འགལ་ཟླ་ངང་རྒྱུད་རིང་པོས་འདུམ་འགྲིག་བྱས་ཏེ། གྲོང་ཚོ་དང་གྲོང་ལྷན་གྱི་ཞི་མཐུན་བརྟན་ལྷིང་སྲུང་བཞིན་ཡོད།
ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་དམིགས་ནས་མཆོག་སྐྱིད་ཀྱིས་དབྱར་གསེང་དང་དུས་ཆེན་གྱི་སྐབས་སུ། རྒྱུན་དུ་གཅེས་སྐྱོང་རོགས་སྐྱོར་དང་བསམ་བློའི་སློབ་གསོ་གཏོང་བ་དང་། བོད་སྐད་ཀྱི་ལམ་ནས་གཞིས་ལུས་བྱིས་པར་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བ། རྒྱལ་གཅེས་མཐའ་སྲུང་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་སྒྲོག་འགྲེལ། ཕྲུ་གུ་ཚོར་ཟུར་ཁྲིད་བཅས་བྱས་ནས་ཏང་གི་དྲོ་སྐྱིད་དང་ཐུགས་ཁུར་བརྒྱུད་སྤྲོད། བྱ་བ་ཆུང་ཙག་ནས་ཤེས་དཔལ་ལྡན་པའི་ཡུལ་སྲོལ་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་སྐྱེད་སྲིང་བྱེད་ཀྱི་ཡོད།
བགྲང་བྱ་བཞི་བཅུ་ཉིན་གཅིག་ལྟར་བརྟན་སྲུང་བྱས་ཤིང་། ཨ་མའི་རྗེས་སུ་འབྲངས་ནས་དམག་ལ་བཀུར་བ་ནས་ཨ་མའི་ཐོག་མའི་བསམ་འདུན་རྒྱུན་འཛིན་དང་། མཐའ་མཚམས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དམག་བཀུར་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་བཏོད་པའི་བར། མཆོག་སྐྱིད་ཀྱིས་གནམ་ས་གཡོ་བའི་བྱ་སྤྱོད་རླབས་པོ་ཆེ་སྤེལ་མེད་ཀྱང་། ཉིན་རེ་ནས་ཉིན་རེ་མཐུད་དེ་སྤྱིར་བཏང་གི་བརྟན་སྲུང་ལས་དོན་ཡག་པོ་བསྒྲུབས་ཡོད། དཔའ་ངར་ཆེར་སྐྱེད་ཀྱི་དམ་བཅའ་བཞག་མེད་ཀྱང་སྤྱོད་ཡོན་བཟང་པོ་བསྐྱངས་ནས་ཐོག་མའི་བསམ་འདུན་ལག་ལེན་བསྟར་ཡོད། ཁོང་གི་ཁྱིམ་དུ་ཉར་ཚགས་བྱས་པའི་གོས་དར་རེ་རེ་དང་ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཡིག་རེ་རེ་ནི་དཔོན་དམག་ཚོའི་ལྷག་བསམ་ཟོལ་མེད་ཀྱི་དམག་དམངས་སེམས་མཐུན་དང་ཉ་ཆུ་ལྟ་བུའི་བརྩེ་སེམས་ཀྱི་དཔང་པོ་ཡག་ཤོས་རེད།
ད་ཆ་རྒན་སྐྲ་དཀར་གྱི་ན་ཚོད་ལ་སླེབས་རུང་སྔར་བཞིན་གོམ་པ་སྤོ་མཚམས་མ་བཞག་པར་ཐོག་མའི་བསམ་འདུན་བསྐྱངས་ཏེ། དུས་བཀག་ལྟར་དམག་སྒར་དུ་བསྐྱོད་དེ་དཔོན་དམག་ཚོར་འཚམས་འདྲི་དང་དྲོ་སྐྱིད་སྦྱིན་གྱི་ཡོད། ས་མཐོའི་གངས་རླུང་གི་ཁྲོད་དུ་ལང་ཚོའི་མེ་ཏོག་རིམ་བཞིན་རྙིད་རུང་ཁོང་གི་དམག་བཀུར་དམག་གཅེས་ཀྱི་སྤྲོ་སེམས་དང་མཐའ་མཚམས་སྲུང་སྐྱོང་གི་ལྷག་བསམ་ལ་ནམ་ཡང་འགྱུར་བ་མེད། མཆོག་སྐྱིད་ཀྱིས་བུད་མེད་ཁོ་ནར་དབང་བའི་ཞི་འཇམ་འགྱུར་མེད་ཀྱི་གཤིས་བཟང་བསྐྱངས་ནས། གསར་བརྗེའི་ཁྱིམ་སྲོལ་རྒྱུན་འཛིན་དང་། མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་འཕེལ་རྒྱས། དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་ཏུ་བཏང་སྟེ། བགྲང་བྱ་བཞི་བཅུ་ལྷག་ཙམ་རིང་རྒྱལ་ཁབ་ལ་བཅངས་པའི་མཐའ་མཚམས་མང་ཚོགས་ཀྱི་བརྩེ་སེམས་ཆེན་པོ་དང་ལྷག་བསམ་རྣམ་དག་གི་འགན་འཁྲིར་གསལ་འགྲེལ་བྱས་ཡོད་ལ། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལག་ལེན་པ་ཞིག་ཀྱང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།