དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྒྲོལ་མ་རིག་འཛིན་གྱིས་བརྗོད་དོན།

    བོད་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ནི་མིག་མཐོང་ལག་ཟིན་ཐུབ་པ་ཞིག་རེད།

    ལོ་གཅིག་སོང་རྗེས་གསར་འགོད་པས་སླར་ཡང་རྨོ་བོ་སྒྲོལ་མ་རིག་འཛིན་ལ་བཅར་འདྲི་བྱས་པ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-21

    2025ལོའི་ཟླ་8ཚེས་21ཉིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནས་ཡིན་པའི་དགུང་ལོ་73ལ་ཕེབས་པའི་མང་ཚོགས་ཀྱི་འཐུས་མི་སྒྲོལ་མ་རིག་འཛིན་གྱིས་བོད་ཆས་དམར་རྐྱང་ཞིག་གྱོན་ཏེ་ཀུན་གྱིས་དོ་སྣང་བྱེད་སའི་གཏམ་བཤད་སྟེགས་བུར་འཛེགས། རྒན་མོའི་ཡིད་ཆེས་ཀྱིས་ཁེངས་པའི་འཛུམ་མདངས་དང་བབ་བརླིང་ལྡན་པའི་སྐད་གདངས་ལས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་པའི་དུས་རབས་ཀྱི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན།

    ཉེ་ཆར། གསར་འགོད་པ་སླར་ཡང་སྒྲོལ་མ་རིག་འཛིན་གྱི་སྒོ་རའི་ནང་བསྐྱོད་པ་དང་བརྗེད་པར་དཀའ་བའི་ཚོགས་ཆེན་གཟབ་རྒྱས་དེའི་སྐོར་གླེང་སྐབས། བགྲེས་སོང་གི་མིག་ཟུང་ལས་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་པའི་རྣམ་པ་མངོན་པ་དང་། སྐད་ཆའི་ཁྲོད་དུས་རབས་ཀྱི་འཕོ་འགྱུར་དངོས་སུ་བརྒྱུད་མྱོང་བའི་ཚོར་སྣང་ཟབ་མོ་སྦྱིན་བྱུང་། “མི་སེར་དཀྱུས་མའི་ཚབ་ཞུས་ནས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་རྒྱུ་བྱུང་བར་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག་ལ། ནང་མི་ཚོས་ཀྱང་སེམས་གཏིང་ནས་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག”ཅེས་སྒྲོལ་མ་རིག་འཛིན་གྱིས་བརྗོད་པ་དང་། ཁོང་གིས་ཆེད་མངགས་བཟོས་པའི་བོད་ཆས་ལ་ལག་པ་འཆང་བཞིན་དུ“ངས་ཆེད་མངགས་ཚོས་གཞི་དམར་པོ་བདམས་པ་ཡིན། དེ་ལས་ང་ཚོ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བའི་བསམ་འདུན་མཚོན་གྱི་ཡོད། གར་སྟེགས་ཐོག་མ་འཛེགས་གོང་ངས་སེམས་གཏིང་གི་སྐད་ཆ་གང་འདྲ་བྱས་ནས་མཚོན་པའི་ཐད་བསམ་བློ་ཡང་ཡང་བཏང་བ་ཡིན། ངས་རང་གིས་བརྒྱུད་མྱོང་བ་དག་བཤད་ནས་རྒྱལ་ཡོངས་མི་དམངས་ཀྱིས་ང་ཚོའི་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའི་རྣམ་པ་མཐོང་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

    ད་ཆ། སྒྲོལ་མ་རིག་འཛིན་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་མཁན་ཞིག་ནས་རིམ་བཞིན་གཞི་རིམ་གྱི་འཐབ་ས་དང་པོའི་སྒྲོག་འགྲེལ་པ་ཞིག་ཏུ་གྱུར། རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་བརྒྱུད། ཁོང་གིས་རྟག་ཏུ་ཚང་མར་དམངས་ཕན་སྲིད་ཇུས་ལས་བྱུང་བའི་འགྱུར་ལྡོག་ཆེན་པོ་བརྗོད་ཀྱི་ཡོད། བྲང་གཞུང་དུ་བཏགས་པའི་ཏང་ཡོན་གྱི་རྟགས་མར་ལ་ལག་པ་འཆང་བཞིན་དུ“གུང་ཁྲན་ཏང་མེད་ན། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་ལ། མི་རིགས་ཁག་གི་མང་ཚོགས་ལ་གནས་བཟོད་བདེ་ཞིང་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་ཡོང་མི་སྲིད། ལོ་60ཡི་རིང་གི་འཕེལ་རྒྱས་དང་འཕོ་འགྱུར་ཚང་མ་ངས་མིག་མཐོང་ལག་ཟིན་ཐུབ་པས། སེམས་ལ་དགའ་ཚོར་ཆེན་པོ་བྱུང”ཞེས་བགྲེས་སོང་གིས་བརྗོད།

    ལོ་གཅིག་གི་དུས་ཚོད་ཡུད་ཙམ་ཞིག་ལ་འདས་ཤིང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་བཀོད་པའི་འཕེལ་རྒྱས་ཀྱི་འཆར་གཞི་དེ་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩ་ནས་དངོས་སུ་མྱོང་ཐུབ་པའི་དམངས་འཚོའི་ཕན་འབྲས་སུ་གྱུར་ཡོད་པ་སྟེ། གྲོང་ཁྱེར་གྱི་རྣམ་པར་ཉིན་བཞིན་འགྱུར་ལྡོག་འགྲོ་བ་དང་མང་ཚོགས་ཀྱི་འགྲོ་སྐྱོད་དེ་བས་སྟབས་བདེ་རུ་ཕྱིན་པ། མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། ཐོག་བརྩེགས་ཁང་པའི་མཐའ་འཁོར་གྱི་སྤྲོ་གསེང་རྐང་ཐང་ལམ་གཙང་ལ་སྐྱིད་སྣང་དོད་པ། རིག་གནས་བྱེད་སྒོ་ལྟད་མོ་ཆེ་བ་དང་མི་རིགས་ཁག་གི་མང་ཚོགས་ཐང་ཆེན་དུ་འཛོམས་ནས་སྒོར་གཞས་འཁྲབ་པ། ཇ་མངར་མོའི་དྲི་ཞིམ་གང་སར་འཐུལ་བ་དང་ཁྱིམ་མཚེས་དབར་འཆམ་མཐུན་ཆེ་བ་བཅས་ལས་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཟབ་མོ་ཁྲོམ་གཞུང་དང་སྲང་ལམ་གང་སར་ཁྱབ་ཡོད།

    འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། སྒྲོལ་མ་རིག་འཛིན་གྱིས་རེ་ལྟོས་ཆེན་པོ་འཆང་བཞིན་ཡོད་པ་སྟེ། “ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་ཏང་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག མི་རིགས་ཁག་གི་མང་ཚོགས་ཚོས་རིག་པ་གཅིག་ལ་སྒྲིམ་པ་དང་ནུས་ཤུགས་གཅིག་ལ་བཏོན་ཚེ། ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ངེས་རེད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་འབྱུང་འགྱུར་ཡང་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་ངེས་རེད” 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།