“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཧྲའན་ཤིས་ཀྱིས་སྒར་རྫོང་ལ་རྣམ་གྲངས་19བསྐྲུན་རྒྱུ་ཡིན་པ།
ཉེ་ཆར། མངའ་རིས་ས་ཁུལ་སྒར་རྫོང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་19དོན་འཁྱོལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་2.67བཏང་བའི་བོད་སྐྱོར་རྣམ་གྲངས་དེ་དག་ཐོན་ལས་འཕེལ་རྒྱས་དང་། དམངས་འཚོ་འགན་ལེན། སྐྱེ་ཁམས་སྲུང་སྐྱོང་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པ་དང་། མིག་སྔར་རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་དང་མྱུར་ཚད་མགྱོགས་སུ་འགྲོ་བཞིན་ཡོད་པ་མ་ཟད། དོན་འཁྱོལ་གྱི་ཕན་འབྲས་ཀྱང་རྒྱུན་མཐུད་ཐོན་བཞིན་ཡོད།
སྒར་རྫོང་གི་ས་བབ་མཐོ་བ་དང་། ཨར་ལས་ཀྱི་དུས་ཡུན་ཐུང་བ། དངོས་ཟོག་སྐྱེལ་འདྲེན་དཀའ་བ་བཅས་ལས་རྣམ་གྲངས་འཛུགས་སྐྲུན་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད། རེས་སྐོར་འདིའི་བོད་སྐྱོར་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་སྔོན་ལ་འཇོག་པ་དང་། གཞི་རིམ་གཙོ་བོར་འཛིན་པ། རང་བརྟེན་གཙོ་བོར་འཛིན་པ་བཅས་མཐའ་འཁྱོངས་བྱས་ཏེ་རྒྱུན་རྣམ་ཅན་གྱི་རྣམ་གྲངས་བཀོད་གཏོང་དང་། ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད། མ་དངུལ་ལ་གདུབ་ཟུམ་དོ་དམ་བཅས་ཀྱི་ལམ་སྲོལ་བཙུགས་ཐོག གསལ་ཐོ་ཅན་དང་ལྷུ་ཚིགས་ཅན་ལ་སྐུལ་འདེད་བཏང་བ་དང་ས་མཐོའི་འཛུགས་སྐྲུན་གྱི་དཀའ་གནད་སྣ་ཚོགས་ཐག་གཅོད་གནད་སྨིན་བྱས་ནས་རྣམ་གྲངས་བདེ་འཇགས་ཚད་ལྡན་ཡོང་བ་དང་སྤུས་མཐོ་ནུས་ཆེའི་སྒོ་ནས་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད། མིག་སྔར། 2026ལོའི་ཐོན་ལས་ཅན་གྱི་རྣམ་གྲངས་7ཚང་མ་སྐྲུན་འགོ་ཚུགས་ཡོད་པ་རེད།
ཐོན་ལས་ཀྱིས་མཐུན་རྐྱེན་སྦྱོར་བ་དང་སྐྱེ་ཁམས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ནི་ཐེངས་འདིའི་བོད་སྐྱོར་ལས་དོན་གྱི་གཙོ་གནད་ཁ་ཕྱོགས་རེད། སྒར་རྫོང་གིས་ཧྲའན་ཤིས་ཀྱི་བོད་སྐྱོར་ལག་རྩལ་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གནམ་རུ་གྲོང་ཚོའི་ས་ཞིང་སྒྱུར་བཀོད་དང་། མཐོ་གྲང་ཐང་རྒོད་དང་རྩྭ་ཐང་གི་སྐྱེ་ཁམས་ལྟ་ཞིབ་ཚད་འཇལ་ས་ཚིགས། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། ཉུང་མ་འདེབས་པ་བཅས་སྐྱེ་ཁམས་ཞིང་འབྲོག་ལས་རྣམ་གྲངས་4ལ་སྐུལ་འདེད་བརྟན་པོ་བཏང་སྟེ། ས་གནས་དེ་གའི་གཟན་རྩྭ་མཁོ་སྤྲོད་ཀྱི་ཞན་ཆ་རྒྱུན་མཐུད་བསལ་བ་དང་ས་མཐོའི་སྐྱེ་ཁམས་བཅོས་སྐྱོང་མ་ལག་ལེགས་སུ་བཏང་བ་རེད།
དེ་དང་ཆབས་ཅིག དམངས་འཚོ་ལེགས་གཏོང་དང་མཐའ་བརྟན་དམངས་ཕྱུག་ལ་དམིགས་ནས་ས་གནས་དེ་གས་མོན་འཚེར་ཤང་གི་མཛེས་སྡུག་ལྡན་ལ་མི་སྡོད་ལ་འཚམ་པའི་སྡོད་ཁང་འཛུགས་སྐྲུན་དང་། ཐོན་ལས་གླིང་གི་སྤུས་ཚད་མཐོར་གཏོང་རིམ་སྤོར། འཛུགས་སྐྲུན་རྩལ་ནུས་ཤེས་ལྡན་པ་གསོ་སྦྱོང་བཅས་དམངས་འཚོའི་མཐུན་སྦྱོར་རྣམ་གྲངས་3ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། རྣམ་གྲངས་བསྐྲུན་རྗེས་མང་ཚོགས་དུད་ཚང་57གྱི་སྡོད་གནས་ཁོར་ཡུག་ལེགས་སུ་ནུས་ལྡན་འགྲོ་བ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ། ཁྱད་ལྡན་ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་ཐུབ་པ་བཅས་བྱུང་ནས། ཞིང་འབྲོག་པ་བརྒྱ་ལྷག་ཙམ་རང་ས་རང་ཡུལ་དུ་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།