དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དྲིན་ཚོར་ཡར་བརྩོན། ལོ་གཅིག་རྒྱུགས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-21

    ཟླ་བརྒྱད་པར་གངས་ལྗོངས་ས་མཐོར་ནམ་མཁའ་གཡའ་དག་ལ་རི་ཚོགས་བརྗིད་ཆགས་ཤིང་། ཁོ་ར་ཁོར་ཡུག་སྔོ་ཐིང་ངེར་གྱུར་ཏེ། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་མངོན་བཞིན་མཆིས།

    བརྗིད་ཆགས་ཡིད་འོང་གི་ས་ཆ་འདི་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་དང་། སྐྱེ་ཁམས་བདེ་འཇགས་སྲུང་བཅད། འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི། ནུས་རྒྱུ་གཙང་མའི་རྟེན་གཞི་བཅས་གལ་ཆེན་ཞིག་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་གཙོ་གནད་ས་ཁུལ་ཞིག་ཡིན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོ་གནང་གི་ཡོད།

    2025ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས། བོད་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་རྒྱུན་མཐུད་དམ་འཛིན་གཏིང་ཟབ་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་གསུངས་ཡོད།

    རྒྱུགས་ལན་གང་འདྲ་ཞིག་ཕུལ་ནས་བརྩེ་བ་ཟབ་མོ་འདི་ཉིད་ཆུད་ཟོས་སུ་མི་འགྲོ་བ་བྱེད་དམ། ལས་རྗེས་གང་འདྲ་ཞིག་བཞག་ནས་མཛེས་སྡུག་ལྡན་པའི་རི་ཀླུང་འདི་དང་འཚམ་པར་བྱེད་དམ་ཞེ་ན། ལོ་གཅིག་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་འབད་འབུངས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐུགས་ཁུར་ལ་ལན་བཏབ་པ་དང་། ཕན་འབྲས་དངོས་ཀྱི་ཐོག་ནས་ཁས་ལེན་དོན་ཐོག་ཏུ་འཁྱོར་བར་བྱས་པས། གངས་ལྗོངས་ས་མཐོར་འབད་འབུངས་ཡར་བརྩོན་དང་དངོས་སྒྲུབ་བརྩོན་ལེན་བྱེད་པའི་རྣམ་པ་གསར་རྐྱང་ཞིག་མངོན་ཡོད།

    “བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཡོང་བར་དང་ཐོག་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་རྒྱུན་འཁྱོངས་བྱེད་དགོས”

    ཞོགས་པའི་ཉི་འོད་ཁྲོམ་གཞུང་དང་སྲང་ལམ་གང་སར་འཕྲོས་ཤིང་། ལྷ་ས་ཆུ་རག་གླིང་སྡེ་ཁུལ་གྱི་དྲ་མིག་པ་ཚེ་བརྟན་ནོར་བུས་ནམ་རྒྱུན་ལྟར་ཁོངས་གཏོགས་ཁུལ་དུ་བསྐྱོད་ནས་རྒྱུན་རྣམ་ཅན་གྱི་འདྲི་རྩད་བྱེད་བཞིན་ཡོད་ཅིང་། “ཉེ་ཆར་གཟུགས་པོ་བདེ་ཐང་ཡིན་པས། འཚོ་བ་གང་འདྲ་འདུག་གམ། དཀའ་ངལ་ག་རེ་འཕྲད་ཀྱང་ལམ་སེང་ང་ཚོར་ལབ་རོགས”ཞེས་བཤད།

    ནམ་རྒྱུན་ཁོང་གིས་གོ་བདེ་ཞིང་ཤེས་སླ་བའི་སྒོ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས་སྲིད་ཇུས་བཅས་སྒྲོག་འགྲེལ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོའི་བསམ་འདུན་དང་རེ་སྒུག་རང་འགུལ་ངང་ཉན་པ། འགལ་ཟླ་གྲལ་བཤེར་དང་། དམངས་ཀྱི་གནས་ཚུལ་འདྲི་རྩད། རྩོད་གཞི་འདུམ་འགྲིག་བཅས་ཀྱི་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ་འགལ་ཟླ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དྲ་མིག་ཏུ་སེལ་བ་དང་། གཞི་རིམ་དུ་སེལ་བ། ཐོན་བཟོ་ཡོད་པའི་ས་ནས་སེལ་ཐུབ་པ་བཅས་དངོས་འབྲེལ་བྱས་ཡོད།

    “གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ནི་ཁྱིམ་ཚང་གཅིག་ཡིན་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་ཐུབ”ཅེས་ཚེ་བརྟན་ནོར་བུའི་བབ་ཆགས་པའི་སྐད་ཆ་ལས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཡོང་བར་དང་ཐོག་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་རྒྱུན་འཁྱོངས་བྱེད་དགོས”ཞེས་གསུངས་ཡོད།

    གངས་ལྗོངས་ས་མཐོར་བླང་བྱ་དེ་དྲ་མིག་པའི་དུས་དང་རྣམ་པ་ཀུན་གྱི་གོམ་སྒྲ་དང་། སྒྲོག་འགྲེལ་རུ་ཁག་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པའི་སྐད་ཆ། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་གི་རྒྱུན་གཏན་བཅས་སུ་འགྱུར་བཞིན་ཡོད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོར་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་ནས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་བཞིན་ཡོད། མི་རིང་བའི་གོང་རང་སྐྱོང་ལྗོངས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་རྡོ་རྗེས་གྲོང་ཚོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དོན་འཁྱོལ་གྱི་ཞིབ་ཕྲའི་བསམ་ཕྱོགས་དང་བྱེད་ཐབས་མཉམ་སྤྱོད་བྱས་ཡོད།

    ཉི་མ་རྡོ་རྗེས། གྲོང་ཚོ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། མཐུན་སྒྲིལ་ལ་བསྟོད་གླུ་འབུལ་བའི་འགྲེམས་སྟོན་ཁང་སྐྲུན་པ་བཅས་བྱས་པས་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ་གྲོང་ལྷན་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། ད་དུང་བྱང་སྐར་སྤུན་བདུན་སྒྲོག་འགྲེལ་རུ་ཁག་བཙུགས་པ་དང“1+9+N”ས་ཁོངས་ཧྲིལ་པོའི་སྒྲོག་འགྲེལ་གྱི་དཔུང་ཁག་སྟོབས་ཆེན་བཏོད་པས“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པའི་སྐད་ཆ་དེ་མི་སེམས་སུ་གཏིང་ཟབ་ཟུག་པ་དང་ཁྱིམ་ཚང་ཀུན་གྱིས་ཤེས་ཡོད།

    “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལག་བསྟར་ཤུགས་ཆེན་བྱས་པར་བརྟེན་ནས། བོད་ཀྱི་ས་ཁུལ(གྲོང་ཁྱེར)7ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ(གྲོང་ཁྱེར)ལ་བཏོད་པ་དང་རྫོང(ཆུས་དང་གྲོང་ཁྱེར)38རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པར་བཏོད་པ་དེས་51%བཟུང་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་བཅས་བྱས་ཏེ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་གྱིས་སྤེལ་བ་ནི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གཞི་རྟེན་ནུས་ལྡན་ཞིག་རེད།

    ལྷ་སར“འདུ་ཤེས་གསུམ”གྱི་བཅའ་ཁྲིམས་ཁྱབ་གདལ་དང་སྒྲོག་འགྲེལ་དགོན་སྡེར་སྤེལ་བའི་ལས་དོན་ནུས་ལྡན་ངང་སྤེལ་ནས་ཁྲིམས་སྐྱོང་སྙིང་སྟོབས་དགོན་སྡེར་ཁྱབ་གདལ་དང་གྲྭ་བཙུན་གྱི་རྒྱུན་གཏན་འཚོ་བའི་ནང་ཁྱབ་པར་སྐུལ་འདེད་བཏང་ཡོད། ཆབ་མདོར་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་ནས་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་མཐུད་ངང་ཟབ་ཏུ་བཏང་ཡོད།

    ད་ཆ་ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་པ་དེ་བས་འགྱུར་མེད་སྟོབས་ལྡན་ཡིན་པ་དང་ཆོས་ལུགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    “བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་པས་དོན་དངོས་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་པས་དོན་དངོས་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    ཡུལ་སྨད་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་ཤིང་། ཆ་སྙོམས་ས་བབ་སྨི་3650ཙམ་ཟིན་པ་མ་ཟད། རི་མཐོ་ལ་གཡང་གཟར་བ་དང་། ནགས་ཚལ་སྟུག་པོ་གང་སར་ཁྱབ་ཡོད་པས་སྐབས་ཤིག་རིང་འཛམ་གླིང་དང་འབྲེལ་ཐག་ཆད་པའི་ཚུལ་དུ་གནས་ཡོད།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ལེ་ལག་ཚང་བའི་རྣམ་གྲངས་ལ་བརྟེན་པས། དེ་གར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་མ་ཟད། མཐོ་གནོན་གྱི་གློག་སྐུད་ཀྱང་ཁྲིད་ཡོད། ཤང་ནང་གི་དེང་རབས་ཅན་གྱི་འཕྲོད་བསྟེན་ཁང་དང་། ཚད་ལྡན་ཅན་གྱི་སློབ་ཆུང་། རིག་གནས་ཐང་ཆེན། ཡུལ་སྐོར་སྣེ་ལེན་ལྟེ་གནས་བཅས་ཀྱང་སྔ་རྗེས་སུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། ཡུལ་མི་མི་ཉུང་བ་ཞིག་གིས་ཁྱིམ་ཚང་མགྲོན་ཁང་དང་། སྒོ་རྩིས་ཚོང་ཁང་། མྱུར་སྐྱེལ་བསྡུ་ལེན་ས་ཚིགས་བཅས་བཙུགས་པས་ལས་ཞུགས་བརྟན་པོ་ཐུབ་ཡོད།

    སྐལ་བཟང་དོན་སྙིང་ནི་ཡུལ་སྨད་ལྷ་ཆུའི་མགྲོན་ཁང་གི་སྦྱིན་བདག་ཡིན་པ་དང་ཁོང་དང་བཟའ་ཟླས་གཅིག་གིས་སྣེ་ལེན་ཞུ་བ་དང་གཅིག་གིས་ཉལ་ཁང་བཀོད་སྒྲིག་བྱེད་ཀྱི་ཡོད་པས། དམངས་སྲོལ་གནས་ཚང་གི་ཚོང་ཧ་ཅང་ཡག་པོ་ཡོད། གཙང་ལ་སྐྱིད་སྣང་དོད་པའི་བོད་བཟོའི་འགྲུལ་ཁང་ཁང་མིག་བདུན་དང་། ཇ་བསྲུབས་མའི་དྲི་ཞིམ་འཐུལ་བའི་ཁྱད་ལྡན་ཟ་ཁང་གཅིག་ཡོད་པས། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་སླེབས་མ་ཐག་ཁང་པ་གཅིག་ཀྱང་རག་ཁག་པོ་ཡོད། ཡུལ་སྐོར་བ་མི་ཉུང་བ་ཞིག་ནི་དེའི་སྙན་གྲགས་ལ་ཡིད་སྨོན་འཆོར་ནས་ཆེད་མངགས་ཡོང་བ་ཡིན་ཞིང་། ཁོང་ཚོས་འདི་གར་ཇ་བསྲུབས་མ་བཟོ་བ་དང་བོད་རིགས་ཀྱི་སྲོལ་རྒྱུན་ཞིམ་ཟས་བཟོ་བའི་སྤྲོ་སྣང་ཉམས་སུ་མྱོང་བ། སྨུག་སྤྲིན་གྱི་ལ་ཐོད་བཅིངས་འདྲའི་གངས་རིའི་འདབས་སུ་ཆགས་པའི་མཐའ་མཚམས་ཀྱི་ཤང་ཆུང་ངུར་ཉིན་ཤས་སོས་དལ་བག་ཕེབས་ཀྱི་ས་མཐོའི་འཚོ་བར་རོལ་ཐུབ་པའི་ཆེད་དུ་ཡོང་བ་རེད།

    ཤང་ཡོངས་ཀྱི་མང་ཚོགས་དུད་ཚང་55ཚང་མས་སྐལ་བཟང་དོན་སྙིང་ལྟར་ས་གནས་དེ་གའི་གསར་བརྗེའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་གཉེར་བས། ཁྱིམ་གྱི་སྒོ་འགྲམ་ནས་ཡུལ་སྐོར་གྱི་ཡོང་འབབ་རག་པ་དང་མཐའ་སྲུང་དང་འབབ་འཕར་གཉིས་ཕན་བྱུང་བ་དེ་བོད་ཀྱིས་དོན་དངོས་ལ་བསྟུན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    ལོ་གཅིག་རིང་། བོད་ཀྱིས་ས་མཐོའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་བཟང་སྤེལ་ཞན་གསབ་མངོན་གསལ་དོད་པོ་བྱས་ཏེ། ཁྱད་ལྡན་ཞིང་འབྲོག་ལས་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་ཁུངས་ལས་སྣོན་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་གཏོང་བ། རིག་གནས་ཡུལ་སྐོར་ལས་རིགས་མཉམ་འདྲེས་འཕེལ་རྒྱས་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་པས་དཔལ་འབྱོར་གྱི་གཞི་ཁྱོན་དང་། ཕན་འབྲས། གསོན་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    གྲངས་གཞིར་ར་སྤྲོད་ཀྱི་ནུས་པ་ཆེ་ཤོས་ལྡན་པ་སྟེ། ད་ལོའི་ལོ་སྟོད་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་6.3%ཟིན་པ་དང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སོགས་དཔལ་འབྱོར་དམིགས་ཚད་ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    གཞི་ཆེའི་གྲངས་གཞི་ལས་མངོན་པ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་རེད། ཉིང་ཁྲིའི་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་བྱེ་པ་གྲོང་ཚོའི་ཡུལ་མི་བསོད་ནམས་ལྷ་མོ་ནི་དེའི་ཁྲོད་ཀྱི་ཕན་པ་ཐོབ་མཁན་དང་ཞུགས་མཁན་གྱི་གྲས་ཤིག་རེད། 2025ལོར་ཁོང་གིས་མཛེས་ལྗོངས་ཁུལ་མཚོ་འགྲམ་གྱི་འཆམ་འཆམ་འགྲོ་སའི་ལམ་ལ་དམིགས་ཏེ་གཡག་ལྷ་རིན་ཆེན་མགྲོན་ཁང་བཙུགས། ད་ལོ་ཡུལ་སྐོར་བ་མང་བའི་དུས་སུ་ཁོང་གིས་ཁང་པའི་སྒྲིག་བཀོད་ལེགས་སུ་བཏང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ཡོད། “དམངས་སྲོལ་གནས་ཚང་གཉེར་བས་ཁྱིམ་ཚང་གི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ད་དུང་ཕྱོགས་བཞི་མཚམས་བརྒྱད་ཀྱི་གྲོགས་པོ་ཡང་མང་པོ་བསྒྲིགས་ཡོད”ཅེས་བསོད་ནམས་ལྷ་མོས་བཤད།

    ད་ཆ། བོད་ཤར་ལྷོ་ནས་གཡོད་ཀང་ཨའོ་ཁུག་ཆེན་བར་གྱི་ཐད་རྒྱུག་ལས་གྲྭ་སོགས་གཙོ་གནད་རྣམ་གྲངས་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། སྤུས་འབོར་གཉིས་ཀ་ལེགས་པའི་བོད་ཀྱི་ཆུ་བཟང་དང་། བོད་ཀྱི་ཨ་རག བོད་ཀྱི་ཇ་ལོ་བཅས་ལ་ཁྲོམ་རའི་ཁས་ལེན་རྒྱ་ཁྱབ་ཐོབ་པ་དང་། གྲོང་གསེབ་ཡུལ་སྐོར་གྱི་རིམ་པ་མཐོ་རུ་ཕྱིན་ཞིང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་བ་དང་། སྣ་མང་ཅན། སྟབས་བདེ་ཅན་བཅས་ཀྱི་འཕེལ་རྒྱས་བྱུང་བ་སོགས། འགོ་འཛུགས་ས་གསར་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་གདེང་ཚོད་དེ་བས་ཆེ་བ་དང་། རྨང་གཞི་དེ་བས་བརྟན་པ། ཡིད་ཆེས་དེ་བས་ཆེ་བ་བཅས་ཡོད།

    “སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ‘འཛམ་གླིང་ཡང་རྩེ’དང‘ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག’ཡག་པོ་སྲུང་དགོས”

    སྟོན་ཐོག་མའི་ཞོགས་པར། ལྷ་སའི་ལྷོ་རིའི་སྤྱི་གླིང་ལ་སྨུག་པ་སྲབ་མོའི་དར་དཀར་འཐེན་ཞིང་། ཞོགས་པའི་བསིལ་རླུང་ཁྲོད་སྒྲོན་ཤིང་ལྡེམ་ལྡེམ་གཡོ་བཞིན་མཆིས།

    སྔོ་ལྗང་དོ་དམ་པ་དབན་ཤུས་ཀྱིས་ཕྲག་པར་ཆུ་དམ་འཁུར་བ་དང་འཁར་བར་བརྟེན་བཞིན་གསར་དུ་བསྐྲུན་པའི་རྐང་ལམ་ཕྲ་མོ་བརྒྱུད་ནས་རི་ལ་འཛེགས། ཁོང་གི་ཉིན་རེའི་ལས་ཀ་དང་པོ་ནི་ཡུག་ཁུལ་དགུ་པར་ཡོང་ནས་འདི་ལོ་གསར་དུ་བཏབ་པའི་སྡོང་ཕྲུག་དེ་དག་གི་སྐྱེ་འཚར་ལ་ལྟ་རྒྱུ་དེ་རེད། “འདི་གར་ས་བབ་སྨི་4200ཡོད་ཅིང་། རླུང་བུ་ཚ་ལ་དྲོ་གྲང་ཧེ་བག་ཆེ་བས་ཉིན་ལྟར་ཉག་ཕྲ་བའི་སྡོང་ཕྲུག་ལ་གཡོག་བྱེད་དུ་ཡོང་དགོས་ཀྱི་ཡོད”

    ད་ཆའི་སྔོ་ཐིང་ངེར་སྐྱེས་པའི་གསོམ་ཤུག་དང་གང་སར་བྱ་བྱིའུ་ཡི་སྐད་སྒྲ་ཁྱབ་པའི་རི་ལྡེབས་འདི་ནི་ལོ་ཤས་གོང་སྐྱ་ཐེར་ཐེར་གྱི་རི་རྒོད་ཅིག་ཡིན་པ་སུ་ཞིག་གི་བློ་ཡུལ་ལའང་འཆར་མི་སྲིད། “རི་རྒོད”ནས“སྔོ་ལྗང་ཅན”དུ་འགྱུར་ལྡོག་བྱུང་བ་ནི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་ནང་དབན་ཤུས་དང་འདྲ་བའི་སྔོ་འགྱུར་བདག་སྐྱོང་བ་ཁྲི་སྟོང་མང་པོས་དཀའ་སྤྱད་རྔུལ་ཆུར་བརྟེན་ནས་རི་སུལ་དུ་ལོ་མང་བདག་སྐྱོང་བྱས་པའི་འབྲས་བུ་རེད།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་ཚུན། རིམ་རྩིས་བརྒྱབ་ན་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་150ལྷག་ཙམ་ལེགས་གྲུབ་ཟིན་ནས་དེ་སྔ་རྩྭ་རྐང་གཅིག་ཀྱང་མི་སྐྱེ་བའི་ཐང་རྒོད་དང་ལ་རྒོད་དེ་དག་ལྷ་སའི་སྐྱིད་ཆུའི་ལུང་གཞུང་སྲུང་བའི“སྔོ་ལྗང་ལྕགས་རི་རིང་པོ”ཞིག་ཆགས་བཞིན་ཡོད།

    གྲོང་འདབས་སུ་རྩྭ་རྩི་ཤིང་གིས་བཀླུབས་པ་མ་ཟད། གཙང་འགྲམ་དང་འདམ་རའི་གསེབ་ཏུའང་སྔོ་ལྗང་གིས་ཡོངས་སུ་བརྒྱན་ཡོད།

    ལྷ་ཀླུ་འདམ་རར་ཞོགས་པའི་ཉི་བཞོན་འཕྲོས་ཏེ་རླབས་རིས་ཤིག་ཤིག་བྱེད་པ་དང་། འདམ་རྩྭའི་གསེབ་ནས་ཁྲུང་ཁྲུང་མགོ་ཁྲའི་སྐད་སྙན་གྲགས། སྐོར་སྲུང་བ་བྱམས་པས་གྲུ་ཆུང་བཏང་སྟེ་ཆུ་ཁར་གཡེང་བའི་ཤིང་ཧྲུག་སྒྲུག་བཞིན་དུ་ཟིན་བྲིས་ཐོག་དེ་རིང་ལྟ་ཞིབ་ཚད་ལེན་ཐུབ་པའི་དུས་བྱའི་གྲངས་འབོར་འགོད་བཞིན་ཡོད།

    “དེ་སྔ་འདབ་ཆགས་མིའི་ཉེ་སར་བཅར་ཕོད་ཀྱི་མེད། ད་ཆ་མི་དང་འདྲིས་ནས་སྐབས་རེ་གྲུ་ཆུང་སྟེང་དུ་ཕར་འགྲོ་ཚུར་འོང་བྱེད་ཀྱི་་འདུག ཆུ་དྭངས་སུ་སོང་བ་དང་རྩྭ་སྟུག་ཏུ་ཕྱིན་པས་མཁའ་རླུང་ཡང་ཧ་ཅང་གཙང་དུ་ཕྱིན་ཡོད་ཅེས་བྱམས་པས་འཛུམ་བཞིན་དུ་བཤད།

    ནག་ཆུ་གསེར་རྙེད་ཆུས་སུ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རིག་ལྡན་ལྟ་ཞིབ་ཚད་ལེན་གྱི་བརྙན་ཤེལ་ཆེན་པོའི་སྟེང་བྱང་རྩྭ་ཐང་གི་གཙོད་ཁྱུ་བག་ཕེབས་ངང་རྩྭ་ཟ་བཞིན་པའི་སྐབས་ཐོག་གི་བརྙན་པར་བསྟན་པ་དེ་ནི་ཧ་ཅང་གསལ་པོ་ཡོད།

    མིའི་སྐོར་གཡེང་ནས་རིག་འཕྲུལ་གྱིས་སྐོར་གཡེང་བྱེད་པའི་བར་དང་། ས་ཚིགས་གཅིག་གི་བདག་སྐྱོང་ནས་ས་ཁོངས་ཡོངས་སུ་ཁྱབ་པའི་བར། རང་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་50%ཡན་བཟུང་བ་དང་རིམ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ས་ཆའི་རྒྱ་ཁྱོན་གྱིས་37.95%བཟུང་ཡོད། ཞིང་འབྲོག་པའི་སྐྱེ་ཁམས་བདག་སྐྱོང་བ་ཁྲི་30ལྷག་ཙམ་ནི་རྩྭ་ཐང་དང་། ནགས་ཚལ། མཚོ་བཅས་སུ་སྐར་ཚོགས་ལྟར་གྲམ་ཡོད་པ་དེ་དག་ནི་སྟོད་གོས་དམར་པོ་གྱོན་པའི“སྐྱེ་ཁམས་སྲུང་དམག”རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ‘འཛམ་གླིང་ཡང་རྩེ’དང‘ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག’ཡག་པོ་སྲུང་དགོས”ཞེས་བླང་བྱ་ཁ་གསལ་བཏོན་གནང་ཡོད།

    ད་ལོའི་ཟླ་3པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།

    ཁྲིམས་གཞུང་གི་ཁྲིམས་སྐྱོང་སྟོབས་ཤུགས་དེ་གཞི་རིམ་སྒྲོག་འགྲེལ་གྱི་གསོན་ཉམས་ལྡན་པའི་སྐད་ཆར་གྱུར་ནས་དུད་ཁྱིམ་ཁྲི་སྟོང་མང་པོར་ཁྱབ་ཡོད། ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ། ལས་དོན་པས་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་ཁྲིམས་གཞུང་ནང་གི་རྩྭ་ཐང་སྲུང་སྐྱོང་དང་། ཆུ་རྩ་གསོ་འཁྱོངས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་ལྟེ་བའི་དོན་ཚན་གཙོ་གནད་དུ་བཟུང་ནས་གསལ་འགྲེལ་བརྒྱབ་ཅིང་། མང་ཚོགས་དང་འབྲེལ་འདྲིས་ཟབ་ལ་དྲོ་སྐྱིད་ལྡན་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་སྒྲོག་འགྲེལ་རེ་རེ་ལས་གངས་ལྗོངས་ས་མཐོར་སྐྱེ་ཁམས་ཁྲིམས་སྐྱོང་འདུ་ཤེས་ཀྱི་རྩ་བ་ཚུགས་ཡོད།

    གྲངས་གཞིའི་ནང་དུ་དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་འདུས་ཤིང་། 2025ལོར་ལྗོངས་ཡོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.8%ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོའི་ཆུ་སྤུས་ཚང་མ་རིགས་གསུམ་པའི་ཚད་གཞི་ལས་ལེགས་པ། འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ཚད་གཞི་ལོན་ཚད་100%རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ཁྲོད་དམིགས་ཚད་21རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། དམིགས་ཚད་9རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།

    “བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་ཤུགས་སྣོན་རྒྱག་དགོས”

    བོད་ཀྱི་བྱ་བ་ལེགས་པར་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད།

    ད་ལོའི་ལོ་སྟོད་དུ། ལྗོངས་ཡོངས་སུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆེད་དོན་སློབ་སྦྱོང་ཁྲོད་འདུ་འགོད་གང་དག་མང་ཚོགས་ལ་དངོས་གནས་མཁོ་གལ་ཆེ་བ་དང་། འདུ་འགོད་གང་དག་ནི“རྩིས་ཐོ་མཛེས་པ”ཙམ་ཡིན་མིན་ཐད་དཔེ་བསྡུར་ཞིབ་ལྟ་བྱས་ཤིང་། ‘སྲིད་དོན་ལས་རྗེས་ཀྱི་དྲི་བ’དེས་དྲིས་པ་ནི་ཐོག་མའི་བསམ་འདུན་ཡིན་པ་དང་ཞིབ་དཔྱད་་བྱས་པ་ནི་ཏང་གཤིས་ཡིན་པས། ཏང་ཡོན་ལས་བྱེད་པ་མི་རེ་ངོ་རེས་རང་ཉིད་ཀྱི་ལས་འགན་དང་ཁ་ཕྱོགས་ལ་བསྐྱར་དུ་ཞིབ་ལྟ་བྱེད་དུ་བཅུག་ཡོད།

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་་སྲང་ལམ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རིང་ཡུལ་མི་དུད་ཚང་10ཡི་སྒོ་ར་སྨི་1.2རྒྱབ་བཤིག་རྒྱག་དགོས་པས་དང་ཐོག་ཁག་གཅིག་གིས་རྒྱབ་བཤིག་རྒྱག་འདོད་བྱེད་ཀྱི་མེད། ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བ་ཆོས་འཕེལ་གྱིས་བཙན་ཤེད་མ་བཏང་བར་སྒོ་རའི་ནང་བསྡད་ནས་ཚང་མར་གནས་ལུགས་རྒྱུ་མཚན་བརྗོད་པ་རེད། ཏང་ཡོན་ཆོས་ཉིད་སོགས་ཀྱིས་སྔོན་ལ་རང་ཁྱིམ་གྱི་སྒོ་ར་རྒྱབ་བཤིག་བརྒྱབ་པས་གཞན་དག་གིས་ཀྱང་དེ་ལྟར་བྱས་པ་རེད། ད་ཆ་གྲོང་ཚོའི་སྲང་ལམ་རྒྱ་ཆེ་རུ་ཕྱིན་པ་དང་ཆབས་ཅིག་མིའི་བློ་རྒྱ་ཡང་ཆེ་རུ་ཕྱིན་ཡོད།

    མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དུ་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་གསར་བརྗེའི་ལོ་རྒྱུས་དང“བྱང་ཐང་གི་མཐིལ། གསར་བརྗེའི་སྒེར་རྩེ”ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ལ་བརྟེན་ནས“མཐའ་མཚམས་ཏང་འཛུགས་སྐྱོང་གི་ལེ་དབར་སྟོང་གི་གསར་བརྗེའི་ཁྱམས་རིང”འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད། གསར་བརྗེའི་ཁྱམས་རིང་རྒྱུད་ཀྱི་ཞིང་འབྲོག་པས་ཏང་ཀྲི་པུའི་སྣེ་ཁྲིད་འོག་བྲག་མང་མགྲོན་ཁང་དང་། མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་བཟོ་གྲྭ གསར་བརྗེའི་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་ཟ་ཁང་སོགས་བཙུགས་པར་བརྟེན། གསར་བརྗེའི་ཡུལ་སྐོར་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྒུལ་ཤུགས་གསར་པར་གྱུར་ཡོད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་གྱི་ཏང་ཡོན་ཁྱིམ་ཚང་2600ལྷག་ཙམ་གྱིས་བྱང་བུ་བཀལ་ནས་ཐོབ་ཐང་མངོན་པར་བྱས་ཏེ་ཏང་རྩ་འཛུགས་ཀྱི་རྩ་བ་དུད་ཁྱིམ་ཡོངས་ལ་མཆེད་པར་བྱས་ཤིང་། མང་ཚོགས་ཀྱིས“སྒོ་འགྲམ་དུ་ཏང་ཡོན་དུད་ཚང་གི་བྱང་བུ་བཀལ་བ་མཐོང་དུས། བློ་བདེ་པོ་ཡོང་གི་འདུག”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།

    བློ་སྦྱོང་ཐུབ་ལ་མཐུན་རྐྱེན་ཡང་སྦྱར་ཞིང་། འདས་ཟིན་པའི་ལོ་གཅིག་གི་རིང་། ལྗོངས་ཡོངས་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་400ལ་མིང་བཏགས་ནས་གཟེངས་བསྟོད་བྱས་པ་དང་། ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་282ལ་གྲལ་བཤེར་བཅོས་སྒྲིག་བྱས་པ་བརྒྱུད་ཚང་མ་དག་ཐེར་བྱུང་ཡོད། མི་ཁྲི་3.18ལྷག་ཙམ་ཡོད་པའི་སྐབས་གསར་པའི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཕྱོགས་ཡོངས་ནས་ལས་དོན་སྒྲུབ་འགོ་ཚུགས་ཡོད། ཏང་ཡོན་གྱིས་བཟུང་བའི་བསྡུར་ཚད་99.95%ཟིན་པ་དང་། ཆ་སྙོམས་ལོ་ཚད་ལོ་2.73དམའ་རུ་ཕྱིན་པ། ཕྱུག་འགྱུར་འཇོན་ཐང་ཅན་དང་། སློབ་ཆེན་སློབ་མ། དམག་ཞབས་ཐིམ་པའི་དམག་མི། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་སོགས་སྟོབས་ཤུགས་གསར་པ་ཁྲི་1.18གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ཡོད།

    དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱིས“ཀྲི་པུའུ་ཧྲུའུ་ཅིའི་འཆད་སྟེགས”རྒྱུན་མཐུད་ངང་ཡག་པོ་གཉེར་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་སྒྲིག་འཛུགས་བྱས་ཏེ་འཆད་སྟེགས་ཐོག་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ལས་བྱེད་པ་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་གསོ་སྦྱོང་དང་སློབ་སྦྱོང་བྱེད་པར་རྒྱུན་མཐུད་མངགས་ཏེ། ས་མཐོའི་ལས་བྱེད་པའི་དཔུང་ཁག་གི་འཇོན་ཐང་ཆེ་རུ་བཏང་ཡོད། ཤང་གྲོང་རྡལ་གྱི་ལས་བྱེད་པ་ཞིག་སློབ་སྦྱོང་བྱས་ནས་ཚུར་ལོག་རྗེས་ཟིན་བྲིས་དེབ་ནང“ཕྱིར་སླེབས་རྗེས་གཞི་ནས་ཧེ་བག་ཅི་འདྲ་ཡོད་པ་ཤེས་ཀྱི་འདུག་ལ། ལོག་སྐབས་གཞི་ནས་རང་ཉིད་ཀྱི་འགན་འཁྲི་ལྕི་པོ་ཡོད་པའང་ཤེས་ཀྱི་འདུག”ཅེས་བྲིས་ཡོད།

    གཞི་རིམ་ཏང་རྩ་འཛུགས་ཀྱི་རྒྱ་སྟོབས་ཆེ་རུ་ཕྱིན་ན་མང་ཚོགས་ཀྱི་ངར་ཤུགས་ཆེ་རུ་འགྲོ་བ་དང་། ཏང་ཡོན་ལས་བྱེད་པས་འགན་འཁྲི་ཁུར་ན་མི་སེར་བློ་བདེ་རུ་འགྲོ་བ་ལག་ལེན་ལས་ར་སྤྲོད་བྱུང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་ཤུགས་སྣོན་རྒྱག་དགོས”ཞེས་བཀའ་མངགས་ཡང་ཡང་གནང་ཡོད།

    རྐང་བཞི་གྲོང་ཚོའི་མཉམ་ལས་ཁང་གི་རྩིས་ཐོའི་ཐོག་གསལ་གསལ་ཐིང་ཐིང་དུ་འཁོད་པའི་ཁེ་སྤོགས་བགོ་འགྲེམས་གྲངས་ཀ་ནས་དཔལ་འབྱོར་ལྷུན་པོ་གྲོང་ཚོའི“སྒོ་ར་རྒྱབ་བཤིག་བྱས་ནས་ལམ་རྒྱ་ཆེར་གཏོང་བའི”མཐུན་སྒྲིལ་གྱི་གཏམ་རྒྱུད་བར་དང་། གསར་བརྗེའི་ཁྱམས་རིང་རྒྱུད་ཀྱི་ཉིན་རེ་བཞིན་ལེགས་སུ་འགྲོ་བའི་འཚོ་བ་ནས་ཏང་ཡོན་དུད་ཚང་ཁྲི་སྟོང་མང་པོའི་སྒོ་མདུན་དུ་བྱང་བུ་བཀལ་ནས་ཐོབ་ཐང་མངོན་པའི་བར་སོགས། ཏང་གིས་ཁྲིད་སྟོན་གང་སར་ཁྱབ་ཡོད། འདི་ནི་བོད་ཀྱི་བྱ་གཞག་ཁག་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བའི་རྩ་བ་དང་བླ་སྲོག་རེད།

    བརྩེ་བ་ཟབ་མོ་དང་རེ་བ་ཆེན་པོ་བཅངས་ཏེ་དྲིན་ཚོར་དངོས་སྒྲུབ་ལ་བརྟེན་ནས་རྒྱུགས་ལན་ཧུར་ཐག་ཕུལ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ཚེ། བོད་ཀྱི་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་ཡར་རྒྱས་ཡོང་ངེས་ཡིན་པ་ལོ་གཅིག་རིང་གི་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད།

    རི་བོ་མཐོ་ལ་ཆུ་རྒྱུན་རིང་། བཀའ་མངགས་ནམ་ཡང་སེམས་ལ་འཛིན། ནམ་མཁའ་ཡངས་ལ་ས་རྒྱ་ཆེ། འབད་བརྩོན་ཆེན་པོས་མདུན་དུ་སྐྱོད་དགོས།

    བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་པ། མུ་མཐུད་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་དུས་རབས་ཀྱི་རྒྱུགས་ལན་ཧུར་ཐག་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།