《བདེ་འཇགས་འཕྲལ་སྡོམ་སྒྲིག་ཆས་ཐོན་ལས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།
2030ལོར་སླེབས་སྐབས་གཙོ་གནད་ཁྱབ་ཁོངས་ཀྱི་ཐོན་ལས་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.4ཟིན་རྒྱུ།
ཉེ་ཆར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་འཕྲལ་སྡོམ་དོ་དམ་པུས་མཉམ་དུ《བདེ་འཇགས་འཕྲལ་སྡོམ་སྒྲིག་ཆས་ཐོན་ལས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ་དང་། དེའི་ནང་2030ལོར་སླེབས་སྐབས་གཙོ་གནད་ཁྱབ་ཁོངས་ཀྱི་ཐོན་ལས་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1.4ཟིན་ནས་འགྲན་ནུས་ཆེ་བའི་བདེ་འཇགས་འཕྲལ་སྡོམ་སྒྲིག་ཆས་ཐོན་ལས་ཚོ་པ་10དང་ཐོན་ལས་ཀྱི་ཁྱད་ལྡན་གླིང་70བསྐྲུན་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།
བདེ་འཇགས་འཕྲལ་སྡོམ་སྒྲིག་ཆས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ནི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བདེ་འཇགས་འཕྲལ་སྡོམ་གྱི་དགོས་མཁོ་སྐོང་རྒྱུ་དང་། ངོ་བོའི་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་གེགས་འགོག་གེགས་སེལ་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་རྒྱལ་གྱི་བདེ་འཇགས་འཕྲལ་སྡོམ་སྒྲིག་ཆས་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། 2025ལོར་གཙོ་གནད་ཁྱབ་ཁོངས་ཀྱི་ཐོན་ལས་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་ནས་བདེ་འཇགས་འགོག་ཟོན་དང་། འཕྲལ་སྡོམ་ཐག་གཅོད། བདེ་འཇགས་འཕྲལ་སྡོམ་ཞབས་ཞུ་བཅས་ལ་ཁྱབ་པའི་ཐོན་ལས་མ་ལག་ཅིག་ཆགས་ནས། ལག་རྩལ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ་དང་། གསར་གཏོད་ཀྱི་གསོན་ཤུགས་དང་འགྲན་རྩོད་ཀྱི་ལེགས་ཆ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། དུས་མཚུངས་ཐོན་ལས་འཕེལ་རྒྱས་ལ་ད་དུང་འགག་རྩའི་ལྟེ་བའི་ལག་རྩལ་གྱི་ཞན་ཆ་འཕྲད་པ་དང་། ཁྲོམ་རའི་དགོས་མཁོ་སྐོང་མི་ཐུབ་པ། ཐོན་ལས་སྐྱེ་ཁམས་དང་འདེགས་སྐྱོར་མ་ལག་ད་དུང་འཐུས་སྒོ་ཚང་པོ་མེད་པ་སོགས་དངོས་ཡོད་ཀྱི་འགྲན་སློང་འཕྲད་ཡོད།
འཆར་འགོད་ནང་ཐོན་ལས་འཕེལ་རྒྱས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་ཐོན་ལས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཆས་ཁྱབ་གདལ་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི་གྲུབ་ཆ་གཙོ་བོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཐོན་ལས་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་ཞིབ་ཕྲའི་ལས་འགན་15བཏོན་པ་དང་ཆེད་སྒྲིག་ལེ་ཚན་5བཀོད་སྒྲིག་བྱས་ཏེ། 2030ལོར་སླེབས་སྐབས་བདེ་འཇགས་འཕྲལ་སྡོམ་སྒྲིག་ཆས་ཐོན་ལས་ཀྱི་གཞི་ཁྱོན་དང་། ལག་རྩལ་གྱི་ཆུ་ཚད། ཐོན་རྫས་ཀྱི་སྤུས་ཚད། ཉེར་སྤྱོད་བྱེད་ཚད་དང་རྒྱ་ཆེ་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་གཏོང་བའི་སྐོར་བཏོན་ཡོད་པ་རེད། བདེ་འཇགས་འཕྲལ་སྡོམ་སྒྲིག་ཆས་སྤྱོད་ས་གཙོ་བོ་ཁག་གཅིག་འཛུགས་སྐྲུན་བྱས་ཏེ་ལག་རྩལ་གྱི་ཆུ་ཚད་མཐོ་བ་དང་བེད་སྤྱོད་ཀྱི་ཕན་འབྲས་མངོན་གསལ་དོད་པའི་བདེ་འཇགས་འཕྲལ་སྡོམ་སྒྲིག་ཆས་ཁག་གཅིག་ཁྱབ་གདལ་བཏང་སྟེ་ཁྱིམ་ཚང་དང་སྡེ་ཁུལ་གྱི་བདེ་འཇགས་འཕྲལ་སྡོམ་ཐོན་རྫས་བཀོད་སྒྲིག་གི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་བའི་སྣེ་འདྲེན་ཁེ་ལས་ཁག་གཅིག་ཆགས་པར་བྱས་ཏེ་ཆེད་ལས་ཅན་དང་། ཞིབ་ཕྲ་ཅན། ཁྱད་ལྡན། གསར་གཏོད་ལྡན་པ་བཅས་ཀྱི་ཁེ་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པ་ཨང་དང་པོ་ཡིན་པའི་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།