འབྲོག་ར་ནས་ཁྲོམ་རའི་བར་གྱི་འཕེལ་ཕྱོགས།
ཐོན་ལས་འཁོར་འབྲེལ་ཚགས་དམ་དུ་བཏང་ནས་འབབ་འཕར་ཡོང་ཁུངས་རྒྱ་ཆེར་བཏང་བ།
ཐོན་ལས་ནི་ས་གནས་འཕེལ་རྒྱས་ཀྱི་རྨང་གཞི་དང་ཆ་ཚང་ལ་ཐོགས་མེད་ཀྱི་ཐོན་སྐྱེད་འཁོར་འབྲེལ་ཞིག་རེད་ལ། དེ་བས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་དང་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་ཡོང་བའི་འགག་རྩ་ཞིག་རེད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་རིམ་བཞིན་བསལ་བ། ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ལྷུ་ཚིགས་ཁག་ཤར་གཏོང་བྱས་པ། ཐར་ཐོར་གྱི་དམིགས་བསལ་ཐོན་ཁུངས་བསྡུ་སྒྲིལ་བྱས་པ། རང་རྐྱ་འཕེལ་བའི་ས་གནས་དེ་གའི་ཐོན་ལས་ཀྱི་ཐོན་སྐྱེད་སྒྲུབ་རིམ་བརྟན་པོ་བསྐྲུན་པ་བཅས་བྱས་ནས། ས་མཐོའི་ཐོན་ཁུངས་ཡག་པོ་དག་མི་སེར་ཚོས་མིག་མཐོང་ལག་ཟིན་ཐུབ་པའི་ཕན་འབྲས་ཡག་པོར་དངོས་སུ་འགྱུར་བར་བྱས་ཡོད།
རྨང་གཞི་དང་ཀུན་ཕན་ཐོན་ལས་ཤིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་བོད་ཀྱི་ཞིང་འབྲོག་ལས་ལ་སྒྱུར་བཀོད་རིམ་སྤོར་ཧ་ཅང་མངོན་གསལ་དོད་པོ་བྱུང་བ་སྟེ།
སྔོན་ཆད་མང་ཚོགས་ཀྱི་འདེབས་གསོ་མང་ཆེ་བ་ནི་རང་མཁོ་རང་འདོན་ཡིན་པ་དང་། དེ་མིན་གྱི་ཞིང་ཕྱུགས་རྒྱུ་ཆ་ལྷག་མ་རྣམས་ལས་སྣོན་སྟབས་བདེ་བྱས་རྗེས་རིན་གོང་དམའ་པོས་འཚོང་གི་ཡོད་པས། ཟུར་སྣོན་རིན་ཐང་ཧ་ཅང་དམའ་བར་བརྟེན་དཀའ་ལས་བརྒྱབ་ནས་བྱུང་བའི་ཡོང་འབབ་དེ་ཙམ་མང་པོ་མེད། ད་ཆ་སྲོལ་རྒྱུན་གྱི་འདེབས་གསོའི་རྣམ་པར་རིམ་བཞིན་འགྱུར་ལྡོག་བཏང་བས། ཐོག་མའི་འདེབས་གསོ་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་བར་གྱི་ཐོན་སྐྱེད་སྒྲུབ་རིམ་ཆ་ཚང་ཞིག་ཆགས་ཡོད། ས་གནས་ཁག་གིས་ས་གནས་དེ་གའི་ས་ཆུ་དང་གནམ་གཤིས་ལ་བརྟེན་ནས་ནས་དང་། གཟན་རྩྭ། ཀྲུང་ལུགས་སྨན་རྩྭ་སོགས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ཚད་ལྡན་དུ་བཏང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འབྲི་གཡག་དང་། ལུག བོད་ཕག་བཅས་གསོ་ཚགས་བྱས་ཏེ་འབྱུང་རྩ་ནས་མ་བཅོས་རྒྱུ་ཆའི་སྤུས་ཚད་ལེགས་སུ་བཏང་ཡོད། ལོ་ཕྱུགས་འཕེལ་བའི་ཞིང་འབྲོག་ཐོན་རྫས་ཁག་སྟབས་བདེའི་ཕྱིར་ཚོང་མི་བྱེད་པར་ས་གནས་དེ་གའི་ལས་སྣོན་བཟོ་གྲྭར་ལས་སྣོན་ཞིབ་ཚགས་བྱེད་པར་བསྐྱལ་ཞིང་། སྤྱིར་བཏང་གི་ནས་ལས་སྣོན་བྱས་རྗེས་སོས་དལ་བཟའ་བཅའ་དང་འཚོ་བཅུད་ལྡན་པའི་བཏུང་བཅའ་སྣ་ཚོགས་སུ་བཟོས་པ་དང་། ཚགས་ཤ་དང་ལུག་ཤ་སོས་པ་དང་ཞིང་འབྲོག་ཐོན་རྫས་དག་ཚད་ལྡན་ཅན་གྱི་སྒོ་ནས་དུམ་བུར་གཏོང་བ་དང་། འབུ་ཕྲ་མེད་པ་བཟོ་བ། སྟོང་སངས་ཐུམ་སྒྲིལ་རྒྱག་པ་བཅས་བརྒྱུད། གསོག་ཉར་དང་སྐྱེལ་འདྲེན་བྱེད་བདེ་བའི་ཐོན་རྫས་སུ་གྱུར་ཡོད། ཐོན་སྐྱེད་བརྒྱུད་རིམ་ཆ་ཚང་གདུབ་ཟུམ་འཁོར་སྐྱོད་བྱས་པ་དེས་ས་གནས་དེ་གའི་ཞིང་འབྲོག་ཐོན་ཁུངས་ཕན་སྒྱུར་ཅི་སྤྱོད་ཐུབ་པ་མ་ཟད། ཞིང་འབྲོག་པ་ཕྱིར་གླ་པར་སྐྱོད་མི་དགོས་པར་སྒོ་རྩ་ནས་འདེབས་གསོ་དང་གླ་པ་རྒྱུག་པའི་ཡོང་འབབ་མང་དུ་ཕྱིན་ཡོད།
དེང་རབས་ཀྱི་ཞིང་འབྲོག་ལས་ཕུད། སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་ཀྱང་རྒྱུན་ཆད་མེད་པར་རིམ་སྤོར་བྱུང་ཞིང་། དེ་སྔ་སྤོས་དང་། སྣམ་བུ། རྒྱན་ཆ་སོགས་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་མང་ཆེ་བ་ནི་ཁྱིམ་ཚང་གི་བཟོ་ཁང་ཆུང་གྲས་ནས་བཟོས་པ་ཤ་སྟག་ཡིན་པས་གཞི་ཁྱོན་ཆུང་བ་དང་། ལས་ཕྱོད་དམའ་བ། བཟོ་ལྟ་དང་བཟོ་རྩལ་སྣ་གཅིག་ཡིན་པས་ཁྲོམ་ར་ཆེན་པོར་བཏོན་ཁག་པོ་ཡོད། ད་ལྟ་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་བརྒྱུད། ཆེད་ལས་མཉམ་ལས་ཁང་དང་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་བཙུགས་ནས་རྒྱུ་ཆ་གཅིག་གྱུར་ཐོག་ཉོ་སྒྲུབ་དང་། བཟོ་རྩལ་གཅིག་གྱུར་ཐོག་ཚད་ལྡན་དུ་གཏོང་བ། ཐོན་རྫས་ཀྱི་བཟོ་ལྟ་གཅིག་གྱུར་ཐོག་འཆར་འགོད་བཅས་བྱེད་ཀྱི་ཡོད། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དང་མི་རིགས་ཀྱི་ཁྱད་ཆོས་སོར་འཇོག་བྱེད་པའི་རྨང་གཞིའི་ཐོག་དེང་དུས་མིའི་མཛེས་དཔྱད་དང་བེད་སྤྱོད་ཀྱི་དགོས་མཁོ་དང་བསྟུན་ནས་ཐོན་རྫས་ལེགས་སུ་བཏང་སྟེ། རགས་ལས་དང་ཐར་ཐོར་གྱི་ཐོན་སྐྱེད་བྱེད་སྟངས་མཇུག་འགྲིལ་ནས། ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱུང་ཡོད། དྲ་ཐོག་དང་དྲ་ཕྱིའི་བྲིན་ཚོང་ཐབས་ལམ་ལ་བརྟེན་ནས་བོད་བཟོའི་ལག་ཤེས་ཐོན་རྫས་ས་མཐོ་ནས་ས་གནས་ཁག་ཏུ་ཕྱིར་ཚོང་ཐུབ་པར་བྱས་ཡོད།
འགྲིམ་འགྲུལ་ཟོག་འགྲེམས་དང་མཛོད་ཉར་ལེ་ལག་རྒྱུན་མཐུད་འཐུས་སྒོ་ཚང་པོ་བྱུང་བ་དེས་ཀྱང་ཐོན་ལས་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་ཤིང་། ཤར་གཏོང་ཐུབ་པའི་སྐྱེལ་འདྲེན་ལམ་དྲ་དང་གྲོང་གསེབ་ཏུ་ཁྱབ་པའི་གྲང་ཕྲེང་མཛོད་ཉར་གྱིས་ས་མཐོའི་ཐོན་རྫས་སྐྱེལ་འདྲེན་དཀའ་བ་དང་སོས་ཉར་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ཡོད། མ་བཅོས་རྒྱུ་ཆ་བདེ་བླག་ངང་གྲོང་གསེབ་ཏུ་དབོར་ཐུབ་པ་དང་ལས་སྣོན་ཟིན་པའི་ཐོན་རྫས་ལྗོངས་ཡོངས་དང་རྒྱལ་ཡོངས་སུ་མགྱོགས་མྱུར་དབོར་ཐུབ་པས། ཐོན་ལས་འཕེལ་རྒྱས་ཀྱི་ཕྱི་ནང་བགྲོད་ལམ་རྦད་དེ་ཤར་གཏོང་ཐུབ་ནས་ཐོན་སྐྱེད་ཀྱི་འཁོར་འབྲེལ་ཧྲིལ་པོ་དེ་བས་ནུས་ཆེའི་ངང་འཁོར་སྐྱོད་ཐུབ་པ་བྱུང་ཡོད།
ད་ཆ་གངས་ལྗོངས་ས་མཐོར་ཁྱད་ལྡན་ཐོན་ལས་གོང་འོག་སྦྲེལ་མཐུད་དང་ཐོན་ཚོང་གཞི་གཅིག་ཅན་གྱི་འཁོར་འབྲེལ་ཆ་ཚང་ཞིག་ཆགས་ནས། ས་གནས་ཀྱི་དཔལ་འབྱོར་སྤུས་འབྲས་ལེགས་གཉེར་དང་མང་ཚོགས་བརྟན་པོའི་ངང་ཕྱུག་པོ་ཆགས་པར་སྒུལ་ཤུགས་རྒྱུན་ཆད་མེད་པ་བསྣན་ཡོད།
འབྲེལ་ཡོད་གསར་འགྱུར།