ཞིང་འབྲོག་སྤུས་ལེགས་ཐོན་ཟོག་གིས་ཞོ་སྟོན་ལ་ཡས་སྒྲོན་རྒྱན།
དགའ་སྤྲོའི་དགོད་སྒྲས་ཁེངས་ལ་འདབས་ཆགས་ཀྱི་སྐད་སྙན་འབྱིན་ཞིང་མེ་ཏོག་གི་དྲི་ཞིམ་འཐུལ་བའི་ནོར་བུ་གླིང་ཁར་སྐྱོད་སྐབས་ཞོ་སྟོན་གྱི་རྣམ་པ་ཧ་ཅང་ཟབ་ཅིང་། མི་རྣམས་ལྷ་མོར་ལྟ་བ་དང་། ཞོ་ལྡག་པ། འགྲེམས་ཚོགས་ལ་ལྟ་བ་སོགས་ཀྱི་དུས་བཟང་ལ་རོལ་བཞིན་ཡོད།
ཟླ་8ཚེས་12ཉིན། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་གཙོ་གཉེར་བྱས་པའི“གངས་ལྗོངས་གཅེས་ནོར། སྤུས་རྟགས་ཞིང་དར”ཞེས་པའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དང་ཞོ་སྟོན་གྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཐོན་རྫས་ཚོང་འདུས་ལྷ་ས་གྲོང་ཁྱེར་ནོར་བུ་གླིང་ཁར་གཉེར་ཞིང་། འགྲེམས་སྟེགས་སྟར་ལ་ཆགས་ཡོད་ལ་ཚོང་ཟོག་སྣ་ཁ་འཛོམས་པ་མ་ཟད། རང་ལྗོངས་ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་འཛུགས་གཏོད་ཀྱི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་ཐེངས་དང་པོ་ཡིན་པ་དེའི་དམིགས་ཡུལ་ནི་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་ཆེད་རེད།
མིག་སྔར་ལྗོངས་ཡོངས་སུ་ཞིང་འབྲོག་ལས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་20དང་སྤུས་རྟགས་རྩེ་གྲ་6སྐྱེད་སྲིང་བྱས་ཡོད། ད་ཐེངས་ཀྱི་ཚོང་འདུས་ལ་ཁྱོན་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་11ཞུགས་པ་དང་། ཁྲང་གོའི་ཞོག་ཁོག་དམར་པོ་ཕུད། ད་དུང་བོད་ཀྱི་ནས་དང་། བོད་ཀྱི་ཁུ་ལུ། ལྷ་སའི་བྱ་དེ་དཀར་པོ། མི་ཐབས་ལ་བརྟེན་ནས་གསོ་ཚགས་བྱས་པའི་གྲོ་མོའི་ཉ། གྲོ་མོའི་མོག་རོ་ནག་པོ། གམ་པའི་ལུག ཀོང་པོ་རྒྱ་མདའི་བོད་ཕག སྣང་རྫོང་གི་སུར་པན། སྣང་རྫོང་གི་སྟར་ཁ། ནག་ཆུའི་འབྲི་གཡག་བཅས་ཡོད། ཐོན་རྫས་དེ་དག་གངས་ལྗོངས་ས་མཐོ་ནས་ཐོན་པ་དང་སྐྱེ་ཁམས་ཀྱི་ལྗང་མདོག་འདུ་ཤེས་གཙོ་བོར་བཟུང་བས་སྐུ་མགྲོན་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
ཉོ་མཁན་གྱི་དགོས་མཁོ་མི་འདྲ་བ་སྐོང་ཆེད། དུས་ཡུན་ཉིན་ལྔའི་ཚོང་འདུས་རིང་། འགྲེམས་ཞུགས་ཚོང་པ་ཚོས་གྲངས་འབོར་འདང་ངེས་ཀྱི་ཚོང་ཟོག་གྲ་སྒྲིག་བྱས་ཡོད། མི་ཐབས་ལ་བརྟེན་ནས་གསོ་ཚགས་བྱས་པའི་གྲོ་མོའི་ཉ་དང་གྲོ་མོའི་མོག་རོ་ནག་པོའི་འགྲེམས་སྟེགས་སུ་བྲོ་བ་མི་འདྲ་བ་གསུམ་གྱི་ཉ་ཀྲིན་དང་། རི་སྐྱེས་དང་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱས་པའི་མོག་རོ་ནག་པོ། ད་དུང་ལག་རྟགས་སྒམ་ཆུང་སོགས་བཤམས་ཡོད་པ་རེད། “སྣ་ཁ་རེར་སྒམ་12ནས་20བར་འཁྱེར་ཡོད། ཉིན་5ཡི་ནང་ཐོན་རྫས་དེ་དག་ཚང་མ་འཚོང་ཐུབ་པའི་གདེང་ཚོད་ཡོད”ཅེས་བོད་ལྗོངས་ཀའོ་ཧྥུང་སྐྱེ་ཁམས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་སྟེགས་གཉེར་སྐྱོང་བ་སྐལ་བཟང་དབྱངས་སྒྲོན་གྱིས་བཤད།
ལྷ་ས་གྲོང་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་བྱ་ཡུལ་ཡག་ཤོས་ཡིན་པའི་ནོར་བུ་གླིང་ཁར་གྲོང་མི་དང་ཡུལ་སྐོར་བ་མང་པོ་འདིར་དུས་ཆེན་གཏོང་བར་ཡོང་གི་ཡོད། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས“ང་ཚོས་ད་ཐེངས་ཀྱི་ཚོང་འདུས་འདི་གཉེར་དོན་ནི་གྲོང་མི་དང་ཡུལ་སྐོར་བ་བོད་ཀྱི་ས་གནས་ཁག་ཏུ་སྐྱོད་མི་དགོས་པར་ཉིན་གཅིག་ནང་བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཉོ་ཐུབ་ཆེད་ཡིན། དེ་དང་ཆབས་ཅིག དུས་ཆེན་སྐབས་ལས་སྟེགས་བསྐྲུན་པ་དང་སྤུས་རྟགས་ལ་བརྟེན་ནས‘བོད་ཀྱི་མིང་ཅན’གྱི་ཞིང་ལས་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་ཆེད་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།