དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཐབས་ཤེས་མི་འདྲ་ལག་ལེན་བསྟར་ནས་ཚང་མ་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱས་པ།

    ​—— གཞིས་རྩེ་གྲོང་ཁྱེར་གྱི་ས་ཆ་གསུམ་གྱིས་དམངས་འཚོའི་རྒྱུགས་ལན་ཡག་པོ་ཕུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-20

    ས་ཡོམ་བརྒྱབ་ནས་ལོ་གཅིག་སོང་རྗེས་ཇོ་མོ་གླང་མའི་འདབས་སུ་སྡོད་ཁང་གསར་པ་གྲལ་སྟར་འགྲིག་པོས་གནས། ས་བབ་དང་། ས་གཤིས། གནོད་འཚེ་ཕོག་ཚད་མི་འདྲ་བའི་གནས་ཚུལ་དངོས་ལ་གཞིགས་ནས། ཆུ་ཁུ་གྲོང་ཚོ་དང་། ཤར་ལ་སུག་གྲོང་ཚོ། རྫོང་མགོ་སྡེ་ཁུལ་བཅས་ཀྱིས་གནས་སྤོ་དང་། བསྐྱར་སྐྲུན། ཉམས་བཟོ་བཅས་བྱེད་རིང་བླང་དོར་གནད་ལ་འཕིགས་པ་བྱས་ཏེ་ཐབས་ལམ་མི་འདྲ་བ་གསུམ་ལ་བརྟེན་ནས་མང་ཚོགས་བདེ་སྡོད་དང་མི་སེར་ལས་བརྩོན་ཡོང་བར་བྱས་ཡོད།

    རི་ཁུལ་ནས་སྤོས་པ།

    ལྷ་རྩེ་རྫོང་ཆུ་ཁུ་གྲོང་ཚོའི་བཀོད་སྒྲིག་ས་ཚིགས་སུ་ཐོག་སོ་གཉིས་ལྡན་གྱི་བོད་བཟོའི་ཐོག་ཁང་གྲལ་སྟར་འགྲིག་པོས་གནས་ཤིང་། གྲོང་ཚོའི་འགྲོ་ལམ་གཙང་ལ་ཁོད་སྙོམས་པ་དང་། དུད་ཚང་ཚང་མ་ཁང་པ་གསར་པའི་ནང་ཚ་རོབ་རོབ་ཏུ་གནས། བདེ་སྡོད་ལས་བརྩོན་བྱུང་བའི་ཡུལ་མི་དེ་དག་སྔོན་མ་ལོ་འཁོར་མོ་ས་བབ་སྨི་4673ཟིན་པའི་རི་ཁུལ་དུ་འཚོ་བ་སྐྱེལ་དགོས་ཀྱི་ཡོད།

    དིང་རིར་ས་ཡོམ་བརྒྱབ་རྗེས་མ་གཞི་ནས་འཚོ་གནས་ཆ་རྐྱེན་ཞན་པའི་གྲོང་ཚོ་རྙིང་པ་དེར་རྦད་དེ་འཚོ་གནས་བྱེད་ཐབས་བྲལ་བའི་ཁར་འགྲིམ་འགྲུལ་ཆ་རྐྱེན་ལ་ཚད་བཀག་ཡོད་པས་སྔར་གནས་སུ་བསྐྱར་སྐྲུན་བྱ་རྒྱུ་ནི་ཧ་ཅང་ཁག་པོ་རེད། ཧྲང་ཧའེ་བོད་སྐྱོར་གྱི་ལྷ་རྩེའི་ཚོགས་ཆུང་གི་དམངས་འཚོའི་འདུ་འགོད་ལ་བརྟེན་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་18ཚང་མ་ལྷ་རྩེ་རྫོང་གྲོང་གི་དབྱང་ཕུའུ་ལམ་གྱི་བཀོད་སྒྲིག་ས་ཚིགས་སུ་སྤོས།

    ཡུལ་མི་ཚོ་ནོར་ལུག་ལ་བདག་པོ་རྒྱག་མཁན་མེད་པར་སེམས་ཁྲལ་ལངས་ཏེ་སྤོ་འདོད་མེད་པར་གཞིགས་ནས་ གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གིས་དུད་ཚང་རེ་རེར་འཚམས་འདྲིར་བསྐྱོད་ཅིང་། བསྡད་ཆོག་ཆོག་དང་། ས་ཆ་གཉིས་ཀར་ཡོད་པའི་མི་ཕྱུགས་ལ་ལྟ་རྟོགས། མང་ཕུ་ཤང་ཆུ་ཚན་མཉམ་ལས་ཁང་གི་བགོ་འགྲེམས། ལས་ཞུགས་ལས་གནས་མཁོ་འདོན་སོགས་ཀྱི་འགན་སྲུང་རྣམས་མང་ཚོགས་ལ་བཤད་དེ་ཚང་མར་ཁེ་གྱོང་རྩིས་གསལ་པོ་ཞིག་རྒྱག་རོགས་བྱས་པ་མ་ཟད། ད་དུང་ཡུལ་མི་སྒྲིག་འཛུགས་བྱས་ཏེ་བཀོད་སྒྲིག་ས་ཚིགས་སུ་ཉིན་གཉིས་སྡོད་དུ་བཅུག་ཡོད། འགན་སྲུང་དེ་དག་མིག་མཐོང་ལག་ཟིན་བྱུང་རྗེས་ཡུལ་མི་ཚོའི་སེམས་ཁྲལ་ཡང་མེད་པར་གྱུར་ཏེ་མཐར་བསམ་འཆར་ཆེན་པོ་ཡོད་པའི་ཡུལ་མི་ཟླ་བས་ཀྱང་གནས་སྤོ་བྱ་རྒྱུའི་མོས་མཐུན་བྱས།

    སྔོན་མ་ཟླ་བས་ལོ་འཁོར་མོ་རི་སྟེང་དུ་ནོར་ལུག་འཚོ་བར་འགྲོ་ཡི་ཡོད་པ་དང་གནས་སྤོ་བྱས་རྗེས་ཁྱིམ་གྱི་ནོར་ལུག་ཚང་མ་གསོ་ཚགས་དུད་ཆེན་ལ་བདག་སྐྱོང་བྱ་རྒྱུར་རྩིས་སྤྲད། ཟླ་བས་ཕྱིར་གླ་པ་རྒྱུག་པ་དང་། བཟའ་ཟླ་དང་། རྒན་འཁོགས། ཕྲུ་གུ་བཅས་རྫོང་གྲོང་གི་བཀོད་སྒྲིག་ས་ཚིགས་སུ་འཚོ་བ་བསྐྱལ་ནས་སྡོད་ཀྱི་ཡོད། ཆུ་ཚན་མཉམ་ལས་ཁང་གི་བགོ་འགྲེམས་བསྡོམས་ན་ལོ་གཅིག་གི་ཡོང་འབབ་དེ་སྔོན་ཕྱུགས་འཚོ་བ་ལས་ལྡབ་མང་པོས་མང་བ་ཡོད་པ་རེད། “ད་ཆའི་འཚོ་བ་འདི་སྔོན་མ་ཡིན་ན་བསམ་ཡང་བསམ་མི་ཕོད་པ་ཞིག་རེད”ཅེས་ཟླ་བས་བཤད།

    སྔར་གནས་སུ་བསྐྱར་སྐྲུན་བྱས་པ།

    ཆུ་ཁུ་གྲོང་ཚོའི་གནས་སྤོས་དང་མི་འདྲ་བར་སྤྱི་ལེ་བཅུ་ཕྲག་འགའ་ཤས་ཀྱི་སར་གནས་པའི་ལྷ་རྩེ་རྫོང་གཞིས་ཆེན་ཤང་ཤར་ལ་སུག་གྲོང་ཚོས་སྔར་གནས་སུ་སྡོད་ཁང་གསར་པ་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུའི་གདམ་ག་བྱས། འདི་གའི་ཁང་པར་ས་ཡོམ་གྱི་རྐྱེན་པས་གཏོར་སྐྱོན་ཚབས་ཆེན་ཕོག་ནས་ཞིག་གསོ་བྱེད་ཐབས་བྲལ་ཡོད། དེས་ན་སྔར་གནས་སུ་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན་བྱེད་པའི་ཐབས་ཤེས་སྤྱད་པས་ཕ་ཡུལ་གྱི་ཁྱད་ཆོས་སྔར་བཞིན་གནས་ཡོད་ལ་བསྐྱར་སྐྲུན་གྱི་མ་གནས་ཀྱང་གྲོན་ཆུང་ཐུབ་ཡོད།

    ལོ་71ལ་སླེབས་པའི་ཟླ་བ་སྐྱིད་ལགས་ལ་སྡོད་ཁང་གསར་པའི་ལྡེ་མིག་རག་པའི་ཉིན་དེར་ཁོང་གིས་ཁང་པའི་ཕྱི་ནང་གང་སར་ཐེངས་མང་བལྟས་ཤིང་། ལག་པས་གྱང་ལ་རེག་པ་དང་སྒེའུ་ཁུང་དལ་བུར་ཕྱེ་སྟེ་ཁ་ནས་སྐད་ཆ་མ་ཐོན་པར་ཡུན་རིང་ཙམ་ལུས། ཡུད་ཙམ་ནས་ཁོང་གིས་གསར་འགོད་པར“ངས་མི་ཚེ་གང་པོར་ཁང་པ་ཡག་པོ་འདི་འདྲ་རྒྱག་ཐུབ་ཀྱི་མ་རེད”ཅེས་སེམས་ནང་གི་སྐད་ཆ་དེ་བཤད།

    ཟླ་བ་སྐྱིད་ལགས་དང་འདྲ་བར་ཡུལ་མིའི་སྡོད་ཁང་གསར་པ་དེ་འདྲ་གྲོང་ཚོ་ཡོངས་སུ་དུད་ཚང་171ལའང་བརྒྱབ་ཡོད་པ་རེད། ས་ཆ་འདེམས་པ་དང་འཆར་འགོད་བྱེད་པ་ནས་ཁང་པའི་བཟོ་དབྱིབས་ཇུས་འགོད་བྱེད་པའི་བར་ཡོད་དོ་ཅོག་བསྐྱར་དུ་འགོ་འཛུགས་དགོས་པ་དང་། འཆར་འགོད་དཔེ་རིས་ཡུལ་མིའི་བསམ་འཆར་གཞིར་བཟུང་བཟོ་བཅོས་ཡང་ནས་ཡང་དུ་རྒྱག་དགོས་འཁེལ་ཡོད། ཁང་པ་བགོ་སྐབས་དྲང་གཞག་དྲང་བདེན་ཡོང་བའི་ཆེད་དུ་གཅིག་གྱུར་ཐོག་རྒྱན་འཐེན་པ་དང་། ཤང་ཏང་ཨུད་དང་སྲིད་གཞུང་དང་གྲོང་ཚོའི“ཨུ་ལྷན་གཉིས”བཅས་ཀྱིས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ཡོད། གཞིས་ཆེན་ཤང་གི་ཤང་ཀྲང་བཀྲ་ཤིས་ཕུན་ཚོགས་ཀྱིས“ཡུལ་མི་ཚང་མས་གནས་ས་ལེགས་པའི་ཁང་པ་ཞིག་འདེམས་འདོད་བྱེད་ཀྱི་འདུག བྱས་ཙང་ཚང་མས་རྒྱན་འཐེན་ན་ཡག་ཤོས་ཡིན་པའི་ངོས་འཛིན་བྱེད་ཀྱི་འདུག”ཅེས་བཤད།

    གཞན་ཡང་གྲོང་ཚོར་ད་དུང་རྒུད་གསབ་ལས་སྤྲོད་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། ན་ནིང་རིམ་རྩིས་བརྒྱབ་ན་ཁ་གསབ་སྒོར་ཁྲི་25སྤྲད་པ་དེས་ཡུལ་མི་199ལ་ཕན་པ་ཐོབ་ཡོད།

    འཛུགས་སྐྲུན་དང་ཉམས་བཟོ་མཉམ་དུ་ལག་ལེན་བསྟར་བ།

    ཆུ་ཁུ་གྲོང་ཚོ་རི་ཁུལ་ནས་སྤོས་པ་དང་ཤར་ལ་སུག་གྲོང་ཚོས་སྔར་གནས་སུ་ཁང་པ་གསར་པ་བརྒྱབ་ཡོད། ས་སྐྱ་རྫོང་ས་སྐྱ་གྲོང་རྡལ་རྫོང་མགོ་སྡེ་ཁུལ་གྱི་ཡུལ་མིའི་སྒོ་ར་འཆར་འགོད་ཟང་ཟིང་ཆེ་བས། ཡུག་ཅིག་ལ་ས་ཆ་བསྡུས་ནས་གཅིག་སྡུད་འཛུགས་སྐྲུན་བྱེད་ཁག་པ་མ་ཟད། ཁང་པར་གཏོར་སྐྱོན་ཕོག་ཚད་ཀྱང་མི་འདྲ་བས་སྡེ་ཁུལ་དེས་དོན་དངོས་དང་ཟུང་འབྲེལ་གྱིས་རིམ་དབྱེ་གསལ་འབྱེད་དང་། ཉམས་གསོ་བརྟན་གཏོང་། སྔར་གནས་སུ་བསྐྱར་སྐྲུན་བཅས་མཉམ་སྤེལ་གྱི་བྱ་ཐབས་སྤྱད་ཡོད།

    སྡོད་ཁང་གསར་པར་སྤོས་ཀྱང་ཡུལ་མི་ཚོས་ས་ཡོམ་བརྒྱབ་པའི་ཉིན་དེ་སྔར་བཞིན་གསལ་གསལ་ཐིང་ཐིང་དྲན་གྱི་ཡོད།

    གྲོང་མི་ཨ་ཁུ་ཚེ་ཉི་ནི་ཚེ་གང་གྲོང་ཚོའི་ནང་འཚོ་བ་བསྐྱལ་ནས་བསྡད་པ་ཞིག་རེད། དེ་སྔོན་ས་ཕག་གི་ཁང་པའི་གྱང་མཐུག་པོ་མེད་པ་དང་ཆར་ཐིགས་རྒྱག་གི་ཡོད་པས་ཆར་པ་བབས་སྐབས་སམ་ལྷགས་པ་རྒྱག་དུས་རྒན་རྒོན་གཉིས་པོ་སེམས་ཁྲལ་ལངས་ཏེ་མཚན་གང་གཉིད་སྐྱིད་པོ་ཞིག་ཡེ་ན་ཁུག་གི་མེད། ད་ཆ་ཁང་པ་གསར་པར་སྤོས་ཟིན་ཞིང་། ཁོང་གིས་གྱང་ལྡེབས་ལ་རེག་བཞིན་དུ་གསར་འགོད་པར“ཁྱེད་རང་གཟིགས་དང་། ཨར་འདམ་ལྕགས་རྩིབས་ཀྱི་གྱང་འདི་མཐུག་པོ་ག་ཚོད་མི་འདུག་གམ། ད་ནས་བཟུང་ཆར་ལྷགས་ལ་ཞེད་དགོས་དོན་མི་འདུག་པས་མཚན་མོ་གཉིད་སྐྱིད་པོ་ཞིག་ཁུག་རྒྱུ་འདུག”ཅེས་བཤད།

    ན་ནིང་ཟླ་11པར་སྡེ་ཁུལ་གྱི་དུད་ཚང་85བསྐྱར་སྐྲུན་བྱས་པ་དང་དུད་ཚང་116ཉམས་གསོ་བརྟན་གཏོང་བྱས་ནས་ཚང་མ་རྩིས་སྤྲད་ཟིན་ཡོད། སྡོད་ཁང་འཛུགས་སྐྲུན་གྱི་མ་དངུལ་ཚང་མ་རྒྱལ་ཁབ་ཀྱིས་སྤྱི་འདོམས་བྱས་ནས་བཏང་བ་དང་མང་ཚོགས་རྣམས་ཀྱིས་དངུལ་སྐར་ལི་ཙམ་ཡང་གཏོང་དགོས་བྱུང་མེད་པ་མ་ཟད། མི་རེར་ཆ་སྙོམས་བཀོད་སྒྲིག་ཁ་གསབ་སྒོར་6000ལྷག་ཙམ་རག་ནས་སྡོད་ཁང་གསར་པར་མཛེས་བཟོ་བྱ་ཆེད་སྤྱོད་རྒྱུ་བྱུང་ཡོད། བསྐྱར་སྐྲུན་བྱེད་རིང་རྒུད་གསབ་ལས་སྤྲོད་ཁྱབ་གདལ་བཏང་ནས་ཡུལ་མིར་སྒོ་རྩ་ནས་ལས་གཉེར་འབབ་འཕར་བྱུང་ཡོད་ལ། སྨན་བཅོས་འགན་བཅོལ་ཚབ་འཇལ་དང་ཐ་སྐྱོང་འགན་ལེན་སོགས་དམངས་ཕན་སྲིད་ཇུས་ཀྱང་ད་ག་ནང་བཞིན་ལག་ལེན་བསྟར་ཡོད།

    སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་འགོ་འཛུགས་ས་གསར་པ་ཞིག་ཏུ་གྱུར་ཞིང་། ས་མཐོའི་མང་ཚོགས་ཀྱིས་བརྟན་ཞིང་སྐྱིད་པའི་སྡོད་ཁང་གསར་པའི་ནང་བསྡད་དེ་ཆ་རྒྱུས་ཆེ་བའི་ས་གཞིའི་འདིའི་སྟེང་དུ་རང་ཉིད་ལ་དབང་བའི་འཚོ་བ་གསར་རྐྱང་ཞིག་སྐྱེལ་འགོ་ཚུགས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།