རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་དང་ཞབས་འདེགས་ཧུར་ཐག་ཞུས་པ།
ཚེས་17ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་དང་ཞབས་འདེགས་ཞུ་བའི་གནས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ《རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་གྱི་མཛུབ་སྟོན(ཚོད་ལྟའི་ལག་བསྟར)》དོན་འཁྱོལ་ནན་ཏན་བྱས་ཏེ“གཅིག་གྱུར་ལྔ་དང་སྒོ་དབྱེ་གཅིག”གི་གཞི་རྩའི་བླང་བྱ་གཞིར་བཟུང་། བཀག་རྒྱ་མེད་པར་བཟོ་བ་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་མཉམ་དུ་སྐུལ་འདེད་དང་། རྒྱལ་ཡོངས་ཀྱི་ཁྲོམ་ར་ཆེན་པོར་མཉམ་འདྲེས་དང་ལྗོངས་ནང་ཁུལ་གྱི་ཁྲོམ་རའི་མ་ལག་འཛུགས་སྐྲུན་ལ་མཉམ་དུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་དང་། དྲང་གཞག ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་འཕེལ་རྒྱས་ཁོར་ཡུག་རྒྱུན་ཆད་མེད་པར་བསྐྲུན་པས། རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་མཉམ་འདྲེས་དང་ཞབས་འདེགས་ཞུས་པར་གྲུབ་འབྲས་ཡག་པོ་ཐོབ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 2026ལོའི་ལོ་སྟོད་དུ། རང་སྐྱོང་ལྗོངས་དང་ས་ཁུལ(གྲོང་ཁྱེར)བདུན་གྱིས་དུས་གཅིག་ཏུ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་རིགས་རང་བཤེར་རང་བཅོས་ཀྱི་བྱ་སྤྱོད་སྤེལ་ཏེ། སྒྲིག་འགལ་རིགས་2གཙང་སེལ་དང་ཁུངས་སྣེ་4ཐག་གཅོད་བྱས་པ་དང་། དྲང་གཞག་འགྲན་རྩོད་ཀྱི་ཞིབ་དཔྱད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གཉེར་སྐྱོང་བྱེད་པོའི་དཔལ་འབྱོར་བྱེད་སྒོ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་བྱ་ཐབས་ཚང་མ་ཞིབ་དཔྱད་བྱེད་ཁོངས་སུ་བཅུག་ཡོད། དེ་དང་ཆབས་ཅིག གཞི་ཆེའི་སྲིད་ཇུས་འཛིན་ཕྱོགས་གཅིག་མཐུན་རང་བཞིན་གྱི་ཚོད་སྐོར་ལམ་སྲོལ་ཡང་བཙུགས་ཤིང་། རིམ་རྩིས་བརྒྱབ་ན་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་170ལྷག་ཙམ་ལ་ཚོད་སྐོར་བྱས་ཡོད། “ཡིད་རྟོན་ཀྲུང་གོའི”དྲ་ཚུགས་དང་རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་གི་ཡིད་རྟོན་སླར་གསོ་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཁྱབ་ཁོངས་37དུ“ཡིད་རྟོན་གྱིས་དཔང་ཡིག་གི་ཚབ་བྱེད་པའི”ལས་དོན་སྤེལ་ཡོད། བདག་དབང་དང་ཤེས་རིག་བདག་དབང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་རྒྱུན་མཐུད་བཏང་ཞིང་། རིམ་རྩིས་བརྒྱབ་ན་ཤེས་རིག་བདག་དབང་ཐད་ཀྱི་ཁྲིམས་འགལ་སྲིད་འཛིན་གྱོད་གཞི་68བདག་གཉེར་བྱས་ཡོད། ས་རྒྱ་ཆེ་བ་དང་། སྐྱེལ་འདྲེན་བར་ཐག་རིང་བ། ཟོག་འགྲུལ་མ་གནས་མཐོ་བ་བཅས་ཀྱི་བོད་ཀྱི་དོན་དངོས་ལ་དམིགས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་ས་ཁོངས་སྒྲོལ་བའི་གྲང་ཕྲེང་ཟོག་འགྲུལ་འདུ་འགྲེམས་ལྟེ་གནས་10དང་། ཚད་ལྡན་ཅན་གྱི་གྲང་ཕྲེང་མཛོད་ཉར་སྒྲིག་ཆས་ཆེ་རིགས་11བསྐྲུན་ཞིང་། ཤང་དང་གྲོང་རྡལ་རིམ་པའི་ཚོང་དོན་ཞབས་ཞུའི་དྲ་ཚིགས་ཁྱབ་ཚད་94%ཡན་ཟིན་པ་དང་། གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲུལ་དྲ་རྒྱ་ཁྱབ་ཚད་100%ཟིན་ཡོད། ཟླ་6ཚེས་30ཉིན་བར། ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་5Gསྦྲེལ་ཚུགས་ཁྲི་2.7ཤར་གཏོང་ཐུབ་སྟེ། མི་ཁྲི་རེར་5Gསྦྲེལ་ཚུགས་དབང་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལྗོངས་ཡོངས་ནས་རྒྱང་རིང་གཞན་ཡུལ་འོས་དཔྱད་རྣམ་གྲངས་ཁག་616ལག་བསྟར་བྱས་ཏེ། ཧྲན་ཏུང་དང་། ཧྲན་ཤིས། ཧུའུ་པེ་བཅས་ཞིང་ཆེན་3དང་རྒྱུན་རྣམ་ཅན་གྱི་མཉམ་ལས་འོས་དཔྱད་འབྲེལ་བ་བཙུགས་ཡོད།
དེ་དང་དུས་མཚུངས། རང་ལྗོངས་ཀྱིས་དམངས་འཚོའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་བྱ་སྤྱོད་ནན་པོ་སྤེལ་ནས། རིམ་རྩིས་བརྒྱབ་ན་ཁྲོམ་རའི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་སྣ་ཚོགས་ཁྲི་1.7ལ་ཞིབ་གཅོད་བྱས་པ་དང་། འཛད་སྤྱོད་རེ་ཞུ་ཁྲི་8.9ཙམ་ཐག་གཅོད་འོས་འཚམ་བྱས་ཡོད། སྐམ་སའི་གྲུ་ཁ་དང་འགག་སྒོའི་རྣམ་པའི་རྒྱལ་ཁབ་ཟོག་འགྲུལ་ལྟེ་གནས་དང་། རྒྱལ་ཁོངས་སྒྲོལ་བའི་ཚོད་ལྟ་ཁུལ། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་བཅས་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། ཁྱད་ལྡན་ཐོན་རྫས་རྒྱལ་ཁོངས་བསྒྲལ་ཏེ་ཕྱིར་གཏོང་དང་སྤུས་ལེགས་ཐོན་ཁུངས་ཕྱོགས་གཉིས་ལ་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་ནས། ཕྱི་ནང་མཉམ་འགུལ་དང་ཕྱོགས་གཉིས་སྒོ་དབྱེའི་ཁྲོམ་རའི་རྣམ་པ་གསར་པ་གང་མགྱོགས་སྐྲུན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།