ད་ནས་སྨན་ཁང་འདིར་སྨན་ལེན་དུས་བང་རིང་པོ་སྒྲིག་དགོས་ཀྱི་མི་འདུག
ཉེ་ཆར། མང་ཚོགས་ཀྱིས“ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་དམིགས་བསལ་ནད་གཞིའི་སྒོ་བསྟེན་སྨན་བཅོས་སྐར་ཁུང་གི་མདུན་དུ་རྐུབ་སྟེགས་མེད་པས་ནད་བསྟེན་སྐབས་ངལ་གསོ་རྒྱག་ས་མི་འདུག” “ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་ལེན་སར་བང་རིང་པོ་སྒྲིག་དགོས་པས་དུས་ཚོད་མང་པོ་འགོར་གྱི་འདུག”སོགས་ཀྱི་བསམ་འཆར་བཏོན་ཡོད་པ་རེད།

ནད་པ་ཚོས་སྨན་ལེན་སར་གོ་རིམ་ལྡན་པའི་ངང་བང་སྒྲིག་པ།
གསར་འགོད་པས་གནས་ཚུལ་འདིར་དམིགས་ཏེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྒོ་བསྟེན་སྨན་ཁང་དུ་འབྲེལ་ཡོད་གནད་དོན་ཤེས་རྟོགས་བྱེད་པར་བསྐྱོད་ནས། འབྲེལ་ཡོད་ལས་ཁུངས་ལ་གནས་ཚུལ་སྙན་སེང་ཞུས་པ་དང་། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ལ་དེ་དོན་འཕྲལ་མར་བཅོས་སྒྲིག་བྱེད་དགོས་པའི་འབྲེལ་ཡོད་ཚན་པའི་བཀའ་འབྱོར་བ་རེད།
ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སྒོ་བསྟེན་སྨན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཞུའེ་ཆིན་གྱིས། དེ་སྔ་སྨན་ལེན་ས་ལྔ་ཡོད། ཕྱིས་སུ་རྩ་གཉིས་ཨང་རྟགས་བཤར་འབེབས་ཡོ་ཆས་བསྒྲིགས་ནས་སྐར་ཁུང་གཉིས་ཉུང་དུ་བཏང་བ་ཡིན། འོན་ཀྱང་སྨན་ལེན་ས་ཁ་གསལ་པོ་བཀོད་མེད་པས་ནད་པ་ཁག་གཅིག་གིས་སྨན་ལེན་ས་ནོར་གྱི་འདུག བཀའ་འབྱོར་རྗེས་སྨན་ཁང་ནས་འཕྲལ་མར་བཅོས་སྒྲིག་བྱས་པ་མ་ཟད། མཚོན་རྟགས་གསལ་པོ་སྦྱར་ནས་ནད་པ་བང་སྒྲིག་ས་མི་ནོར་བར་བྱས་པ་ཡིན་ཞེས་བཤད་བྱུང་།
དེ་དང་ཆབས་ཅིག་ནད་པ་མང་ཉུང་ལ་གཞིགས་ནས་སྨན་ཁང་གིས་སྟབས་བསྟུན་སྐར་ཁུང་བཙུགས་ཏེ། སྨན་ལེན་བདེ་རུ་དང་ནད་པ་བང་རིང་པོ་སྒྲིག་མི་དགོས་པ་བཟོ་རྩིས་ཡོད་པ་རེད།

སྒོ་བསྟེན་སྨན་ཁང་གི་སྐར་ཁུང་མདུན་དུ་སྒྲིག་པའི་རྐུབ་སྟེགས།
དེ་རྗེས་གསར་འགོད་པ་དམིགས་བསལ་སྒོ་བསྟེན་སྨན་ཁང་དུ་སྐྱོད་སྐབས། སྐར་ཁུང་མདུན་དུ་རྐུབ་སྟེགས་གཉིས་བསྒྲིགས་ཡོད་པ་མཐོང་བྱུང་ལ་ནད་པ་ཚོས་སྨན་བཅོས་བྱེད་སྐབས་དེ་གར་བསྒུགས་ནས་བསྡད་ན་ཆོག་གི་འདུག་ཅེས་བཤད་བྱུང་།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཆ་འཕྲིན་མ་ལག་རིམ་སྤོར་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་ཟླ་8པའི་ཟླ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་རེད། རིམ་སྤོར་ཟིན་རྗེས་སྨན་ལེན་སྐབས་ནད་པ་སྒུག་ཁུལ་དུ་ངལ་གསོ་རྒྱག་ཆོག་པ་དང་ཨང་འབོད་ཡོ་བྱད་ནས་སྨན་ལེན་པར་ཡོང་དགོས་པའི་བརྡ་གཏོང་གི་ཡོད། སྨན་ཁང་གིས་ད་དུང་དུས་མཚམས་ཕྱེས་ནས་ཨང་ཀི་སྤྲོད་རྒྱུ་ཡིན་པས། ནད་པས་དྲ་ཐོག་ནས་ཨང་ཀི་འགོག་སྐབས་སོ་སོའི་དུས་ཚོད་ལྟར་ཞོགས་པའི་ཆུ་ཚོད་9པ་ནས་10པ་བར་རམ་ཡང་ན་ཆུ་ཚོད་10པ་ནས་11བར་བཀག་ན་འགྲིག་གི་ཡོད།
འབྲེལ་ཡོད་གསར་འགྱུར།