དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁ་བ་བུ་ཡུག་དང་ལྷན་དུ་འགྲོགས་པའི་མི་ལོ་ཉེར་ལྔ།

    རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་སྤེན་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-19

    དབྱར་དུས་སུ་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་དུ་གང་སར་སྔོ་ལྗང་གི་གཡུ་ལོ་རྒྱས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། དེ་ཡང་རྫོང་གྲོང་དང་བར་ཐག་སྤྱི་ལེ་100ལྷག་ཙམ་ཡོད་པའི་ལྕགས་ཟམ་ཁ་ཤང་གི་རྒྱལ་ལམ་214ལམ་རྒྱུད་ཀྱི་རི་བོ་ཆེ་བདག་སྐྱོང་དུམ་བུའི་ལས་ཁུལ་དང་པོར་བདག་སྐྱོང་བཟོ་པ་ཚོས་བྲེལ་བརྩོན་ཆེན་པོས་འགྲོ་ལམ་གཡས་གཡོན་གྱི་ཆུ་ཡུར་ནང་གི་རྡོ་ཧྲུག་དང་ཅ་དངོས་ཙག་ཙིག་གཙང་སེལ་བྱེད་བཞིན་མཆིས།

    ལས་མི་7ཡོད་པའི་རུ་ཆུང་དེ་ནི་རི་བོ་ཆེ་ལས་ཁུལ་དང་པོའི་ལས་ཁུལ་ཀྲང་དང་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་སྤེན་པས་རུ་སྣེ་ཁྲིད་བཞིན་ཡོད་པ་དང་། ཁོང་གིས་དོ་དམ་བྱེད་པའི་ལས་ཁུལ་གྱིས་ལྗིག་སྟོད་ཤང་དང་ལྕགས་ཟམ་ཁ་ཤང་གི་ཁྱོན་ལམ་ཐག་སྤྱི་ལེ་35ཡི་གཞུང་ལམ་བདག་སྐྱོང་གི་འགན་འཁྲི་ཕྲག་ཏུ་འཁུར་བཞིན་ཡོད། མི་ཐབས་ལ་བརྟེན་ནས་གཙང་བཤེར་གྱི་ལས་ཀ་མགྱོགས་པོ་དེ་ཙམ་ཚར་གྱི་མེད། རུ་མི་ཡོངས་ཀྱིས་ཉིན་ལྟར་མང་ཤོས་ལ་སྨི་500ཡི་ཆུ་ཡུར་མ་གཏོགས་གཙང་བཤེར་ཐུབ་ཀྱི་མེད།

    “ཆུ་ཡུར་འགག་དྲག་ན། དེ་ཁོ་ནར་ཉིན་གཅིག་ཙམ་འགོར་གྱི་འདུག” ཅེས་སྤེན་པས་མ་གསང་དྲང་པོའི་ལམ་ནས་བཤད།

    སྤེན་པས་གཞུང་ལམ་ཁྱིམ་ལྟ་བུར་བརྩིས་ནས་ལས་ཀ་བྱས་ཏེ་ལོ་25སོང་ཡོད།

    སྤེན་པ་དང་གཞུང་ལམ་གྱི་ལས་འཕྲོའི་མདུད་པ་ནི་ཁོང་སྐྱེས་པ་ནས་བཟུང་ཐེབས་ཡོད། སྤེན་པའི་ཨ་ཕ་ནི་དེ་སྔོན་ཟམ་བཟོ་རུ་ཁག་གི་ཧྲུའུ་ཅི་ཡིན་པ་དང་ཨ་མ་ཡང་རུ་ཁག་ནང་དུ་ལས་ཀ་བྱེད་ཀྱི་ཡོད། སྤེན་པ་ཧ་གཉིད་གོ་བ་ཙམ་ནས་བཟུང་། ཕ་མ་གཉིས་ཀྱིས་རྣམ་ཀུན་ཕྱི་ལ་འགྲོ་དུས་ལག་ཏུ་འཇོར་དང་སྦྱར་མ་འཁྱེར་བ་དང་སྐེ་ལ་ཨ་ཅོར་ཞིག་དཀྲིས་ནས་འགྲོ་གི་ཡོད་པ་དང་། ཞོགས་པར་གཙང་རིལ་རིལ་དང་བཀོད་ཏོག་ཏོག་གིས་བསྐྱོད་རུང་། དགོང་མོར་སྣུམ་སྙིགས་ཡོག་ཡོག་དང་ཐལ་བ་འཚུབ་འཚུབ་ཀྱིས་ལོག་ཡོང་གི་ཡོད།

    ཁྱིམ་ཚང་གི་ཤུགས་རྐྱེན་བཟང་པོའི་དབང་གིས་ཁོང་གི་གཅེན་པོ་དང་གཅེན་མོས་ཀྱང་གཞུང་ལམ་དང་འབྲེལ་བའི་ལས་ལ་གཞོལ་བཞིན་ཡོད་པས། ནང་མི་ལྔ་པོ་ཚེ་གང་གཞུང་ལམ་གྱི་བྱ་གཞག་དང་དམ་དུ་སྦྲེལ་ཡོད།

    2001ལོར་ལམ་ལུགས་སྒྱུར་བཅོས་བྱས་ནས་དེ་སྔའི་ཟམ་བཟོ་རུ་ཁག་མེད་པར་བཟོས་ཏེ་ལམ་ཟམ་ཀུང་སི་བཙུགས། དེར་བརྟེན། སྤེན་པ་ལམ་ཟམ་གྱི་འཐབ་ས་དང་པོའི་ལམ་བཟོ་བ་ཞིག་ཏུ་གྱུར། དེ་ནས་བཟུང་ཁོང་གིས་ཁ་རུབ་ཆུས་དང་། སྨར་ཁམས། དཔའ་ཤོད་སོགས་རྫོང་གི་ཤང་དང་གྲོང་རྡལ་གྱི་གཞུང་ལམ་འཛུགས་སྐྲུན་བྱ་ཡུལ་དུ་ངལ་རྩོལ་བྱེད་པའི་རྐང་རྗེས་བགྲང་ལས་འདས་པ་བཞག་ཡོད། རྫོང་དང་ཆུས་ཁག་ཏུ་ལོ་11རིང་ལམ་བཟོ་བའི་ལས་ཀའི་ནང་ཁོང་གིས་ཀྱང་ཨ་ཕས་ལས་གནས་བརྟན་སྲུང་བྱེད་པའི་ཐོག་མའི་བསམ་འདུན་རིམ་བཞིན་རྟོགས་ཡོད་ལ། “ལམ་སྐྱོང་བ”ཞེས་པའི་གོ་དོན་ངོ་མ་སྟེ། ཁྱེད་ཀྱིས་བཟོས་པ་ནི་ལམ་མ་ཡིན་པར་ཚང་མའི་འཚོ་བ་ཡིན་པ་དེ་ཤེས་ཡོད།

    2012ལོར་སླར་ཡང་ལམ་ལུགས་སྒྱུར་བཅོས་བྱས་ནས་ལམ་ཟམ་ཀུང་སི་དེ་གཏོར་བ་དང་སྦྲགས་བདག་སྐྱོང་བཟོ་པ་ཡོངས་ཆབ་མདོའི་གཞུང་ལམ་བདག་སྐྱོང་ལས་ཁུལ་ཁག་ཏུ་ལས་བགོས་བརྒྱབ། ཕྱི་རོལ་དུ་ལོ་11རིང་ལམ་བཟོའི་ལས་ལ་ཞུགས་པའི་སྤེན་པ་རི་བོ་ཆེ་རྫོང་ལྕགས་ཟམ་ཁ་ཤང་གི་ལས་ཁུལ་དང་པོར་ལས་བསྒྱུར་བྱས། དེས་ན་ཁོང་གིས་རྡོག་ཁྲེས་བསྡུ་གསོག་བརྒྱབ་ཅིང་ནང་མི་དང་ཁ་བྲལ་ནས་ལས་ཁུལ་དང་པོར་བསྐྱོད་དེ་མི་ཚེའི་ལེའུ་གསར་པ་རྩོམ་འགོ་ཚུགས།

    ལས་ཁུལ་དང་པོར་བསླེབས་རྗེས་ལས་ཁུལ་དེའི་ལས་མིའི་སྒྱིད་ལུག་ཆེ་བའི་ལས་ཀའི་རྣམ་པར་འགྱུར་ལྡོག་གཏོང་ཆེད། སྤེན་པས་སྐབས་དེའི་ལས་ཁུལ་ཀྲང་ལ་གཞོགས་འདེགས་ཀྱིས་ལས་ཁུལ་གྱི་སྒྲིག་ལམ་དག་ཐེར་ཧུར་ཐག་བྱས་པ་མ་ཟད། ཉིན་ལྟར་བདག་སྐྱོང་ལས་འགན་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་རུ་ཁག་གི་ལས་མི་ཡོངས་ཀྱི་ལས་ཀའི་ངར་ཤུགས་རིམ་གྱིས་འཕེལ་ཐབས་བྱས།

    2018ལོར་རི་ཉིལ་བའི་ཉེན་ཁ་གློ་བུར་དུ་ཐོན་པ་ནས་བཟུང་ལས་རོགས་ཡོངས་དངོས་གནས་སེམས་ཤུགས་གཅིག་ཏུ་སྒྲིལ་ཐུབ་ཡོད། དེ་ཡང་ལོ་དེར་ལྕགས་ཟམ་ཁ་ཤང་དུ་གློ་བུར་དུ་གཞི་ཁྱོན་ཆེ་བའི་རི་ཉིལ་བ་དང་དེས་རྐྱེན་པས་འགག་མཚོ་ཆགས་ཏེ་རྒྱལ་ལམ་རྦད་དེ་འགག་ནས་རླངས་འཁོར་དང་འགྲུལ་པ་མང་པོ་ཞིག་ཉེན་ཁའི་གནས་སུ་གྱར། སྤེན་པས་འཕྲལ་མ་ཉིད་དུ་ལས་ཀའི་བཀའ་བཏང་བ་དང་། བཟོ་པ་ཚོས་རང་ཉིད་ཀྱིས་དངུལ་བཏང་ནས་གོར་སོབ་་དང་། སྟབས་བདེའི་ཐུག་པ། ཆུ་བཅས་ཉོས་ཏེ་མང་ཚོགས་ལ་སྤྲད་པ་མ་ཟད་ངང་རྒྱུད་རིང་པོས་མང་ཚོགས་ལ་སེམས་གསོ་བཏང་།

    ཉིན་མཚན་བཅུ་དྲུག་རིང་གཉིད་ཆག་ཟས་བརྗེད་ཀྱིས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། འགག་མཚོའི་ཉེན་ཁ་སེལ་ཐུབ་ཡོད་ལ་རྣམ་ཀུན་ལྟར་རླངས་འཁོར་འགྲོ་འོང་བྱེད་པའི་རྣམ་པ་སླར་ཡང་ཚང་མའི་འདྲེན་བྱེད་ཡུལ་དུ་མངོན།

    ལོ་འདི་དག་ནང་ཁོང་ཚོས་སྔར་རྒྱུན་བཞིན་གཞུང་ལམ་ཧྲིལ་པོའི་བདག་སྐྱོང་གི་འགན་འཁྲི་འཁུར་བཞིན་ཡོད། ལས་མི་ཁ་ཤས་ལས་མེད་པའི་རྐྱེན་གྱིས་ལོ་6ཙམ་རིང་ཁོང་ཚོ་ལོ་འཁོར་མོ་ངལ་གསོ་རྒྱག་མྱོང་མེད།

    མིག་ཡུད་ཙམ་ཞིག་ལ་སྤེན་པས་ལས་ཁུལ་དང་པོར་ལས་ཀ་བྱས་ནས་ལོ་14སོང་བ་དང་། ཐོག་མཐའ་བར་གསུམ་དུ་དེ་གར་ལས་གནས་བརྟན་སྲུང་བྱེད་བཞིན་པའི་སྤེན་པའི་དབུ་སྐྲ་ད་ཆ་དཀར་པོར་གྱུར་ཡོད།

    “ལམ་སྐྱོང་གི་བྱ་གཞག་དེ་ཁྱེད་རང་གིས་ག་དུས་བར་སྒྲུབ་རྩིས་ཡོད”ཅེས་གསར་འགོད་པས་དྲིས་པར་ཁོང་གིས་ཚིག་ཐག་ཆོད་པོས“ཚེ་གང”ཞེས་ལན་ཡིག་འབྲུ་གཉིས་བཏབ་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།