གངས་ལྗོངས་ས་མཐོར“ཟུང་འབྲེལ་གཉིས”ཀྱི་བདེན་དོན་སྟོབས་ཤུགས་ཆེན་པོ་མངོན་པ།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཡིན་པ་དང་། ལོ་བརྒྱ་ལྷག་ཙམ་གྱི་འབད་འཐབ་ལས་མར་ཁེ་སི་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་གང་ལེགས་མངོན་ཡོད། གསོན་ཤུགས་དེའི་འབྱུང་རྩ་ནི“ཟུང་འབྲེལ་གཉིས”ལ་ཐུག་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི“ཟུང་འབྲེལ་གཉིས”མཐའ་འཁྱོངས་བྱས་ནས་གྲུབ་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ལ་རྩ་བའི་ཁྲིད་སྟོན་མཁོ་འདོན་བྱས་ཏེ་ཚན་རིག་དང་མཐུན་པའི་བདེན་དོན་དེ་གངས་ལྗོངས་ས་མཐོའི་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་ནས་བོད་ཀྱི་འབད་འཐབ་ལམ་བུར་འོད་སྣང་སྦྱིན་ཡོད།
དོན་དངོས་ལ་གཞི་ཚུགས་པ་དང་དངོས་ཐོག་བདེན་འཚོལ་བྱེད་པ་ནི་མར་ཁེ་སི་རིང་ལུགས་ལ་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རིགས་པའི་གཞུང་ལུགས་ཀྱི་གཤིས་རྒྱུད་ཅིག་རེད་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་ནས་འཕེལ་རྒྱས་འགྲོ་བའི་དངོས་ཡོད་ཀྱི་རྨང་གཞི་ཞིག་ཀྱང་རེད། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་མི་འདྲ་བའི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་། ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་སྒྱུར་བཀོད། སྒྱུར་བཅོས་སྒོ་དབྱེ་སོགས་ལོ་རྒྱུས་ཀྱི་འཕེལ་རིམ་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བརྟན་པོ་བཏང་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་བྱས་རྗེས་ངོ་མཚར་ཅན་རླབས་པོ་ཆེ་བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གིས་དངོས་ཐོག་བདེན་འཚོལ་དང་ཡུལ་བབ་དང་བསྟུན་པ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་པ་དང་བོད་ཀྱི་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་པ་དང་དོན་དངོས་གསར་པར་དམ་པོར་དམིགས་པ་དང་། ནང་སའི་འཕེལ་རྒྱས་གཏོང་སྟངས་འདྲ་སྤོས་ཁོ་ན་མི་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་སྤྱི་འདོམས་བྱེད་པ། བོད་ཀྱི་འཕེལ་རྒྱས་ཀྱི་ལེགས་ཆ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་གནད་སྨིན་འཚམ་པར་བཅས་བྱས་ཏེ། དུས་རབས་གསར་པའི་བླང་བྱ་དང་མཐུན་པ་དང་ས་མཐོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་བུ་གསར་པ་ཞིག་བཏོད་ཡོད། མཐའ་མཚམས་ཀྱི་ཞིབ་ཕྲའི་དོན་དངོས་ལ་གཞི་ཚུགས་ནས་རིགས་པའི་གཞུང་ལུགས་རང་ཡུལ་ཅན་དང་ལག་ལེན་ཅན་ལ་སྐུལ་འདེད་བཏང་ཚེ། གཞི་ནས་མར་ཁེ་སི་རིང་ལུགས་ས་མཐོར་རྩ་བ་ཚུགས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་མུ་མཐུད་མཐུན་རྐྱེན་སྦྱོར་ཐུབ་པ་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་ཡོད།
རིག་གནས་མཉམ་འདྲེས་དང་བསམ་པ་གཅིག་མཐུན་ནི་མར་ཁེ་སི་རིང་ལུགས་མི་སེམས་སུ་གཏིང་ཟབ་ཟུག་པའི་རྨང་གཞི་བརྟན་པོ་ཞིག་ཡིན་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་རིག་གནས་ཀྱི་ཁྱབ་ཚད་ཅིག་ཀྱང་གྲུབ་ནས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭའི“མཐུན་འགྲོགས་མཉམ་གནས”དང“གནམ་འོག་སྤྱི་མཐུན”གྱི་བཅོས་སྐྱོང་འདུ་ཤེས་དེ་བོད་རིགས་མང་ཚོགས་ཀྱི“ཇ་དང་ཚྭ་བཞིན་ཕན་ཚུན་བརྩེ་བ་ཟབ་པ”དང“ཆུ་ཕྲན་འདུས་ན་གཙང་པོ་ཆགས་པ་དང་མི་མང་ན་སྟོབས་ཤུགས་ཆེ་བའི”བབ་ཆགས་ཀྱི་རིན་ཐང་འཛིན་ཕྱོགས་དང་ཚད་མཐོའི་འཚམ་མཐུན་བྱུང་ནས་ས་མཐོར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁྱབ་གདལ་གཏོང་བར་རིག་གནས་དང་སེམས་ཁམས་ཀྱི་རྨང་གཞི་བརྟན་དུ་ཕྱིན་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་འོག བོད་ཀྱིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས། བོད་ཀྱི་གསོ་བ་རིག་པ་དང་། ཐང་ག གླིང་སྒྲུང་སོགས་མངོན་མིན་རིག་གནས་ཤུལ་བཞག་ལ་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་ཐུབ་པ་དང་གསོན་ཤུགས་འཕེལ་བ་མ་ཟད། སྲོལ་རྒྱུན་རིག་གནས་སློབ་གྲྭར་རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྱབ་གདལ་ཐུབ་ཡོད། བོད་ཀྱི་ལོ་གསར་དང་ཞོ་སྟོན་སོགས་དམངས་སྲོལ་དུས་ཆེན་དེ་ཉིད་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་རིང་གསོན་ཤུགས་གསར་པ་འཕེལ་བ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་རྒྱུན་མཐུད་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་སེམས་གཅིག་མཐུན་ངང་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
རྩམ་པའི་བྲོ་ཞིམ་ལས་ཐོག་མའི་བམས་འདུན་མཚོན། འོ་ཇ་མངར་མོ་ལས་བདེན་དོན་སྟོབས་ཤུགས་མངོན། བོད་ཀྱི་འཕོ་འགྱུར་ཆེན་པོ་དང་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ནི“ཟུང་འབྲེལ་གཉིས”ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད་ལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པའི་ར་སྤྲོད་ནུས་ལྡན་ཞིག་ཀྱང་རེད། རྒྱང་ལམ་གསར་པར“ཟུང་འབྲེལ་གཉིས”མུ་མཐུད་ཟབ་ཏུ་བཏང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཚེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་མུ་མཐུད་སྐུལ་འདེད་ཐེབས་ནས་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་ལྗོན་ཤིང་གངས་ལྗོངས་ས་མཐོར་ནམ་ཡང་ཡལ་འདབ་ལྷུག་པོར་རྒྱས་ངེས་རེད།
འབྲེལ་ཡོད་གསར་འགྱུར།