མ་ཉེས་ཁ་གཡོགས་བྱེད་མཁན་གབ་ས་མེད་པར་བཟོ་དགོས།
ཉེ་ཆར། ཤིས་ཨན་གྲོང་ཁྱེར་སྒྲིག་ཨུད་ཀྱིས་ཞུ་གཏུག་བརྒྱབ་ནས་མ་ཉེས་ཁ་གཡོགས་བྱེད་པའི་བྱེད་སྤྱོད་ཞིབ་བཤེར་རྩད་གཅོད་བྱས་པ་དང་དོན་དངོས་དང་མི་མཐུན་པའི་ཉེས་འདོན་ཞུ་གཏུག་ལ་ཁུངས་སྐྱེལ་དག་འབུད་བྱས་པའི་དཔེ་མཚོན་གྱོད་དཔེ་7བརྡ་ཁྱབ་བཏང་བ་སོགས་ལས། ཞུ་གཏུག་བརྒྱབ་ནས་མ་ཉེས་ཁ་གཡོགས་བྱེད་མཁན་ལ་རལ་གྲི་འཕྱར་བ་དང་ལས་དོན་སྒྲུབ་མཁན་ལ་རྒྱབ་སྐྱོར་བྱེད་པའི་བརྡ་རྟགས་དྲག་པོ་བཏང་ཡོད་པ་རེད།
ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་དང་ཉེས་འདོན་ཞུ་གཏུག་ནི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྩ་འཛུགས་ལ་གནད་དོན་གོང་ཞུ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་མི་ཁ་ཤས་ཀྱིས་ཁ་གཏད་ལ་སྣ་བསུན་སྤྲད་པ་དང་རང་གི་སྙིང་རླུང་སངས་ཆེད། གནོན་ཤུགས་སྤྲད་ནས་ཁེ་ཕན་རག་ཐབས་བྱེད་པའི“ལག་ཆར”བརྩི་གི་ཡོད། ཁུངས་ལུང་མེད་པའི་སྙོན་འཛུགས་ཞུ་གཏུག་གིས་དོ་བདག་གི་མཚན་སྙན་ལ་གནོད་འཚེ་ཕོག་ནས་བྱ་བ་དངོས་སྒྲུབ་མཁན་རྣམས་བློ་ཕམ་ནས་ཡིད་ཐང་ཆད་པ་དང་། ནང་མིར་ཡང་སེམས་ཁྲལ་བཟོས་ཏེ“ལས་ཀ་ག་ཚོད་ཀྱིས་མང་བ་བྱས་ན་སྙོན་འཛུགས་ཞུ་གཏུག་བྱེད་མཁན་དེ་ཙམ་གྱིས་མང་བའི”སྲོལ་ངན་མཆེད་བཞིན་ཡོད།
དེ་བས་ཀྱང་གསལ་པོར་རྟོགས་དགོས་པ་ཞིག་ནི། དེང་སྐབས་སྙོན་འཛུགས་ཞུ་གཏུག་བྱས་པའི་ཁྲིམས་འགལ་གྱི་མ་གནས་དང་དེས་བཟོས་པའི་ཤུགས་རྐྱེན་ངན་པ་གཉིས་ཡང་ལྕི་ཆེན་པོ་ཤོར་བས། མི་ལ་ལས“སྙོན་འཛུགས་ཞུ་གཏུག་བྱེད་ནོར་ཤོར་ཡང་སྣང་བ་ཡེ་ནས་མི་གཏོང་བ་དང་། སྙོན་འཛུགས་ཞུ་གཏུག་བྱས་ནས་རྒྱལ་ཁ་ཐོབ་ན་ཁེ་བཟང་རག་པའི”མགོ་བདེ་དྲན་འཕྲུལ་གྱི་བསམ་བློ་འཆང་གི་ཡོད། ཞུ་གཏུག་བརྒྱབ་ནས་མ་ཉེས་ཁ་གཡོགས་བྱེད་པའི་སྤྱོད་ཚུལ་ངན་པ་དག་བཅོས་སྒྲིག་བྱེད་པར་གྱོད་དཔེ་གཅིག་ཁོ་ན་བརྡ་ཁྱབ་བཏང་བ་ཙམ་གྱིས་མི་ཆོག་པར། ངེས་པར་དུ་དེ་མཚུངས་ཀྱི་གྱོད་གཞི་ལ་ལ་ཐག་གཅོད་བྱེད་པ་ནས་ལམ་ལུགས་འཛུགས་སྐྱོང་བྱེད་པའི་ཕྱོགས་སུ་བསྐྱོད་དགོས།
གཅིག་ནས་སྙོན་འཛུགས་ཞུ་གཏུག་བྱེད་མཁན་ལ“ན་ཟུག་ངོ་མ”ཚོར་དུ་བཅུག་ནས་སྙོན་འཛུགས་ཞུ་གཏུག་གི་མ་གནས་མཐོ་རུ་བཏང་སྟེ། མཐའ་གསལ་བྱུང་བའི་ཞུ་གཏུག་བརྒྱབ་ནས་མ་ཉེས་ཁ་གཡོགས་བྱེད་པའི་བྱེད་སྤྱོད་ལ་སྒྲིག་སྲོལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས། གཉིས་ནས་ཡོངས་བསྒྲགས་ངང་ཁུངས་སྐྱེལ་དག་འབུད་བྱས་ཏེ་སྙོན་འཛུགས་ཞུ་གཏུག་ཕོག་པའི་ལས་བྱེད་པའི་མིང་ཆད་ངན་པ་བདེན་པ་བདེན་ཐུབ་ཀྱི་སྒོ་ནས་དག་འབུད་བྱེད་དགོས། དེ་དང་ཆབས་ཅིག ཐེར་འདོན་ཁུངས་སྣེ་དབྱེ་འབྱེད་བརྡར་གཅོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དངོས་ཐོག་བདེན་འཚོལ་གྱིས་གནད་དོན་གོང་ཞུ་བྱེད་པར་ཁྲིད་སྟོན་བྱེད་དགོས།
སྙོན་འཛུགས་ཞུ་གཏུག་གི་སྤྱོད་ཚུལ་ངན་པ་བཅོས་སྒྲིག་བྱ་རྒྱུ་དེ་མཐར་གཏུགས་ནས་བཤད་ན“དྲང་བཞག”སྐོར་གྱི་རྒྱུགས་གཞི་ཞིག་ཡིན་ཞིང་། དེ་ནི་ལས་བྱེད་པར་དྲང་བཞག་བྱ་རྒྱུ་དེ་རེད་ལ། ཡིག་འབུལ་ཞུ་བཅར་དང་ཐེར་འདོན་ལམ་ལུགས་ཀྱི་དོན་ངོ་མའི་དྲང་བཞག་ཀྱང་རེད། སྙོན་འཛུགས་ཞུ་གཏུག་བྱེད་མཁན་གྱིས་སྟེས་དབང་གི་བསམ་བློ་དོར་བ་དང་། ལས་ཀ་བྱེད་མཁན་དངངས་སྐྲག་མི་སྐྱེ་བ། དེ་བཞིན་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་གཏོད་པ་བཅས་བྱུང་ཚེ། གཞི་ནས་རྒྱ་ཆེའི་ལས་བྱེད་པས་ལས་སྒྲུབ་ལས་གཏོད་བྱེད་པའི་སྲ་ཞིང་བརྟན་པའི་འགན་ལེན་ཞིག་ཏུ་དངོས་འབྲེལ་འགྱུར་ཐུབ།
འབྲེལ་ཡོད་གསར་འགྱུར།