རྒྱལ་ཡོངས་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས་བཟའ་བཅའི་སྦྱོར་རྟ་གང་བྱུང་དུ་སྤྱོད་པའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱས་པ།
གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཟླ་4པར། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་གཞུང་དོན་ཁང་སོགས་སྡེ་ཚན་དྲུག་གིས་མཉམ་འབྲེལ་ཐོག་བཀོད་སྒྲིག་བྱས་ནས་བཟའ་བཅའི་སྦྱོར་རྟ་གང་བྱུང་དུ་སྤྱོད་པའི་གནད་དོན་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཚུན། ས་གནས་ཁག་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་གཙོ་གནད་བཟའ་བཅའི་རིགས་དང་འགག་རྩའི་ཐོན་སྐྱེད་ལས་སྣོན་ལྷུ་ཚིགས་ལ་དམིགས་ནས། བཟའ་བཅའི་སྦྱོར་རྟ་གང་བྱུང་དུ་སྤྱོད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་པས་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
ས་གནས་ཁག་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དཀར་ཆུའི་ཐོན་རྫས་དང་། ཤ་རིགས་ཐོན་རྫས། ཆུ་ཐོན་ཐོན་རྫས། ཕིང་རྩམ་དང་ཕིང་རྩམ་གྱི་ཐོན་རྫས། རྩི་ཤིང་གི་བཟའ་སྣུམ། བཏུང་བྱ། འདྲེས་སྦྱོར་སྨན་སྣ་བཅས་གཙོ་གནད་དུ་བྱས་ཏེ་བཟའ་བཅའ་ཐོན་སྐྱེད་དང་བཟའ་བཏུང་ལས་སྣོན་བྱེད་རིང་བཟའ་བཅའི་སྦྱོར་རྟ་ཁྱབ་ཁོངས་དང་ཚད་ལས་བརྒལ་ནས་སྤྱོད་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ལྟ་སྐུལ་འཐེན་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་རུལ་འགོག་སྨན་རྫས་དང་། མངར་རྫས། ཚོས་རྫས་སོགས་སྤྱོད་པའི་མངོན་གསལ་དོད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད། རྒྱལ་ཡོངས་སུ་ཁྱབ་ཁོངས་དང་ཚད་ལས་བརྒལ་ནས་བཟའ་བཅའི་སྦྱོར་རྟ་སྤྱད་པའི་གྱོད་གཞི་ཁག་23603ཞིབ་བཤེར་ཐག་གཅོད་བྱས་པར། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་4362ཟིན་པ་དང་། དངུལ་ཆད་སྒོར་དུང་ཕྱུར་1.45བཅད་པའི་ནང་གྱོད་གཞི་ཁག་278སྤྱི་བདེ་ལས་ཁུངས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བར་རྩིས་སྤྲད་པ་རེད།
གོམ་སྟབས་རྗེས་མར། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ལྟ་འདོམས་བྱེད་རིང་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་དང་ཟུང་འབྲེལ་བྱས་ཏེ་ལྟ་སྐུལ་ཁྲིམས་སྒྱུར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། འོ་ཇ་དང་། ཤ་བཙོས་མའི་རིགས། ཏན་ཞིམ། གྲོ་ཟས། ཨ་རག་རིགས་སོགས་གཙོ་གནད་སྣ་ཁ་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁེ་ལས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ། བཟའ་བཅའི་སྦྱོར་རྟ་སྤྱོད་སྟངས་ཚད་ལྡན་དུ་གཏོང་བ། གཙོ་གནད་གྱོད་གཞི་དང་དམར་རྗེན་དུ་བཏོན་པའི་དཔེ་མཚོན་གྱོད་གཞི་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བཅས་བྱས་ནས། ཕྱོགས་བསྡུས་བཅོས་སྒྲིག་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།