དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་ནུས་རྒྱུ་གཙང་མའི་རྣམ་གྲངས་ཀྱིས།

    “བྷང་ག་ལའི་གློག་ཤུགས་གྲུབ་ཆ་ལེགས་སྒྲིག་དང་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-19

    འདི་ནི་བྷང་ག་ལའི་ཁོའོ་ཁེ་སི་པ་ཀྲར་རླུང་གློག་རྣམ་གྲངས་ཀྱི་ཕྱིའི་རྣམ་པ་ཡིན་པ། (ཀྲུང་གོ་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཝུའུ་ལིང་གློག་ཤུགས་བྷང་ག་ལ་ཡན་ལག་ཀུང་སིས་པར་མཁོ་འདོན་བྱས)

    ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཁེ་ལས་ཀྱིས་བྷང་ག་ལར་མ་རྩ་བཏང་ནས་ཁོའོ་ཁེ་སི་པ་ཀྲར་རླུང་ཤུགས་གློག་ཁང་དང་། མའེ་མོན་ཤིན་འོད་ཤུགས་གློག་ཁང་། ཤིས་ལ་ཀན་ཅེ་འོད་ཤུགས་གློག་ཁང་སོགས་ནུས་རྒྱུ་གཙང་མའི་རྣམ་གྲངས་བསྐྲུན་པས། དེ་ནི་ཕྱོགས་གཉིས་པོའི་མཉམ་ལས་སྔར་བས་ཟབ་ཏུ་འགྲོ་བའི་སྦྲེལ་ཐག་ཏུ་གྱུར་ཡོད།

    ཁོའོ་ཁེ་སི་པ་ཀྲར་གྲོང་ཁྱེར་ནི་མིང་གྲགས་ཆེ་བའི་ཡུལ་སྐོར་གྲོང་ཁྱེར་ཞིག་ཡིན་ཞིང་། 2023ལོའི་ཟླ་10པར། ཁོའོ་ཁེ་སི་པ་ཀྲར་རླུང་ཤུགས་གློག་འདོན་རྣམ་གྲངས་ནས་གློག་གཏོང་འགོ་ཚུགས་ཏེ་ས་གནས་དེ་གའི་ཁྱིམ་ཚང་ཁྲི་10ཡི་གློག་སྤྱོད་དགོས་མཁོ་བསྐངས་པས། སྨྱན་སྦྱོར་གྱིས“བྷང་ག་ལ་དང་ཀྲུང་གོའི་ནུས་རྒྱུའི་མཉམ་ལས་ཀྱི་དཔེ་མཚོན”ཞིག་རེད་ཅེས་བརྗོད་ཀྱི་ཡོད། ས་གནས་དེ་གའི་གློག་ཤུགས་འཕེལ་རྒྱས་ཅུས་ཀྱི་འགན་འཁུར་བ་ཀའོ་ཉི་ཡིས་གསར་འགོད་པར། “དེ་གོང་མགྲོན་ཁང་དང་ཟ་ཁང་གི་གནད་དོན་ཆེ་ཤོས་ནི་གློག་ཡང་སེ་ཆད་ཀྱི་ཡོད་པ་དེ་རེད། གང་ལགས་ཤེ་ན། གློག་ཆད་ཚེ་ཞག་སྡོད་བྱེད་མཁན་མགྲོན་པོ་ཉུང་དུ་འགྲོ་བས་རེད། བློས་འཁེལ་བའི་གློག་ཤུགས་མཁོ་འདོན་ཡོད་ན། དཔལ་འབྱོར་འཕེལ་རྒྱས་ལའང་འགན་སྲུང་ཡོད”ཅེས་བརྗོད།

    “རྣམ་གྲངས་དེས་ད་དུང་ཁང་སྟེང་གི་འོད་ཤུཌ་དང་གློག་སྡོང་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རིག་ལྡན་ནུས་རྒྱུའི་ཁུལ་བསྐྲུན་པས། རིག་ནུས་ཅན་གྱི་ཚོད་འཛིན་ཐུབ་ཡོད། སླད་ཕྱིན་ང་ཚོས་རྣམ་གྲངས་དེའི་བྱང་རྒྱུད་ས་ཁོངས་སུ་རླུང་ནུས་དང་འོད་ནུས་ཀྱི་ཕྱོགས་བསྡུས་རིག་ལྡན་ནུས་རྒྱུའི་རྣམ་གྲངས་གསར་སྤེལ་བྱས་ཏེ། ས་ཁུལ་དེ་ཉིད་བྷང་ག་ལའི་རླུང་ནུས་དང་འོད་ནུས་ཀྱི་ཕྱོགས་བསྡུས་རིག་ལྡན་ནུས་རྒྱུའི་རྟེན་གཞི་ཆེ་གྲས་དང་པོར་བསྐྲུན་རྩིས་ཡོད”ཅེས་ཀྲུང་གོ་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཝུའུ་ལིང་གློག་ཤུགས་བྷང་ག་ལའི་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧེ་ཀྲའོ་ཡིས་བརྗོད།

    ཀྲུང་གོའི་ཁེ་ལས་ཀྱིས་མ་རྩ་བཏང་ནས་བསྐྲུན་པའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་རྣམ་གྲངས་ཀྱིས་བྷང་ག་ལའི་སྤྱིར་བཏང་གི་གྲོང་ཚོ་མང་པོ་ཞིག་གྲོང་རྡལ་དུ་འཕེལ་རྒྱས་འགྲོ་བར་རོགས་རམ་ཐུབ་སྟེ། ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་མ་ཟད། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་ལྗང་མདོག་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་ཡོད། 2020ལོར་ཀྲུང་གོ་ཧྭ་ཏན་ཕྱི་ཕྱོགས་མ་འཇོག་ཚད་ཡོད་ཀུང་སིས་མ་རྐང་ཚོད་འཛིན་བྱས་པའི་ཧྭ་ཤིན་གློག་ཤུགས་ཚད་ཡོད་ཀུང་སིས་མ་དངུལ་བཏང་བའི་མའེ་མོན་ཤིན་འོད་ཤུགས་རྣམ་གྲངས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ཀྲུང་གོའི་ཉི་ནུས་གློག་རྫས་ཤེལ་ལེབ་ཁྲི་17ཙམ་ནས་བཏང་བའི་ཉི་གློག་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་པ་དང་། རྣམ་གྲངས་དེས་ལོ་ལྟར་ཐཱན་འབུད་ཚད་ཏུན་ཁྲི་5ལྷག་ཙམ་ཉུང་དུ་གཏོང་རོགས་བྱེད་ཀྱི་ཡོད། 2024ལོའི་ཟླ་7པར། ཀྲུང་གོ་རྒྱུན་སྤྱོད་ལག་རྩལ་ཚོགས་པ་ཀྲུང་གོ་འཕྲུལ་ཆས་ཕྱིར་གཏོང་ནང་འདྲེན་ཀུང་སི་དང་བྷང་ག་ལའི་ནུབ་བྱང་གློག་ཤུགས་ཀུང་སིས་མཉམ་ལས་བྱས་པ་དང་། བྷང་ཀྲུང་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པ། གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་ཀྲའོ་ཝ་68ཙམ་ཟིན་པའི་ཤིས་ལ་ཀན་ཅེ་འོད་ཤུགས་གློག་ཁང་སྤྱོད་འགོ་ཚུགས་པ་རེད། རྣམ་གྲངས་དེས་སྒྲིག་སྦྱོར་བྱས་པའི་འོད་ཤུགས་ལྷུ་ལག་ཁྲི་15.7གྱིས་ས་གནས་དེ་གའི་ཁྱིམ་ཚང་ཁྲི་6.5ལ་ནུས་རྒྱུ་གཙང་མ་མཁོ་འདོན་ཐུབ་པ་དེ་ནི་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་4.3གྲོན་ཆུང་ཐུབ་པ་དང་མཚུངས་ཤིང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་11ཙམ་ཉུང་དུ་ཕྱིན་ཡོད།

    བྷང་ག་ལའི་གློག་ཤུགས་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་ཞི་ཁ་ལི་མུའུ་ཡིས། “ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་ནུས་རྒྱུ་གཙང་མའི་རྣམ་གྲངས་ཀྱིས་བྷང་ག་ལའི་ནུས་རྒྱུ་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བ་དང་། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་བསྡུར་ཚད་མཐོ་རུ་གཏོང་བ། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལ་སྐུལ་འདེད་གཏོང་བ་བཅས་ལ་ནུས་པ་གལ་ཆེན་བཏོན་ནས། བྷང་ག་ལའི་གློག་ཤུགས་གྲུབ་ཆ་ལེགས་སྒྲིག་དང་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ”དང་། “ཀྲུང་གོ་འདི་ཉིད་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་གྱི་ཉེར་སྤྱོད་སོགས་ཀྱི་ཐད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པས། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཁྱབ་ཁོངས་ཐད་ཀྲུང་གོ་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བྷང་ག་ལའི་རྒྱུན་མཐུད་དང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མུའུ་སི་ཐཱ་ཧྥ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།