ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཨན་ཀོ་ལ་ཡི་ཆུ་ཤུགས་གློག་ཁང་ཆེ་ཤོས།
“རྒྱལ་ཁབ་འཕེལ་རྒྱས་ཀྱི་འགག་རྩ་ནི་རྨང་གཞིའི་སྒྲིག་བཀོད་ལ་ཐུག་ཡོད”
ཨན་ཀོ་ལ་ཡི་རྒྱལ་ས་ལུ་ཨན་ཏ་ནས་རླངས་འཁོར་ལ་བསྡད་དེ་ཤར་ཕྱོགས་སུ་ཆུ་ཚོད་4ཙམ་བསྐྱོད་ཚེ། པེ་ཁོན་ཀྲ་ཞིང་ཆེན་ཏུང་ཏུའོ་གྲོང་ཁྱེར་གྱི་ཁོན་ཀྲ་གཙང་པོའི་བར་རྒྱུད་དུ་འབྱོར་གྱི་ཡོད། ལུང་གཞུང་ནང་འཕྲུལ་འཁོར་གྱི་ལྡིར་སྒྲས་ཁེངས་པ་དང་ཨར་ལས་འཁོར་རིགས་ཕར་འགྲོ་ཚུར་འོང་བྱེད་བཞིན་མཆིས། ཆུ་ལམ་ཐོག་ཨར་འདམ་ལས་གྲུབ་པའི་རགས་ཆེན་གྱི་གཞི་ཁྱོན་རགས་ཙམ་གྲུབ་ཡོད་པ་དེ་ནི་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཀེ་ཀྲོའུ་ཆུ་རགས་ཚོགས་པས་སྐྲུན་འགན་ཁུར་བའི་ཁའེ་ཁའེ་ཆུ་ཤུགས་གློག་ཁང་གི་ཨར་སྐྲུན་བྱ་ཡུལ་ཡིན་པ་རེད།
ཁའེ་ཁའེ་ཆུ་ཤུགས་གློག་ཁང་ནི་ཨན་ཀོ་ལ་ཡི“མ་ཡུམ་གཙང་པོ”སྟེ། ཁོན་ཀྲ་གཙང་པོའི་བར་རྒྱུད་རིམ་བརྒྱད་གསར་སྤེལ་གྱི་རིམ་པ་གསུམ་པར་གནས་པ་དང་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་གཏོང་ཚད་ཀྲའོ་ཝ་2172ཟིན་གྱི་ཡོད་པ་རེད། རྣམ་གྲངས་དེ་བསྐྲུན་རྗེས། ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཅི་ཝ་8566ཟིན་རྒྱུ་དང་། ཨན་ཀོ་ལ་རྒྱལ་ཡོངས་ཀྱི་50%ཡན་གྱི་གློག་སྤྱོད་དགོས་མཁོ་བསྐངས་ཏེ། རྒྱལ་ཁབ་དེའི་གློག་ཤུགས་མ་ལག་གི་ཀ་རྟེན་གཙོ་བོའི་གྲས་ཤིག་ཏུ་འགྱུར་རྒྱུ་རེད།
དུས་ཡུན་རིང་པོའི་ནང་། གློག་ཤུགས་ཁ་ཐང་བའི་དབང་གིས་ཨན་ཀོ་ལ་ཡི་བཟོ་ལས་ཅན་གྱི་འཕེལ་རིམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་ཆེན་པོ་ཕོག་ཡོད། ལྷག་པར་དུ་ཐན་དུས་དང་གློག་སྤྱོད་མང་བའི་དུས་སུ་གློག་ཤུགས་མཁོ་སྤྲོད་བརྟན་པོ་མེད་པའི་གནད་དོན་ཅུང་མངོན་གསལ་དོད་པོ་ཡོད། ཁའེ་ཁའེ་ཆུ་ཤུགས་གློག་ཁང་བསྐྲུན་རྗེས། གློག་མཁོ་སྤྲོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་མ་ཟད། ད་དུང་གློག་ཤུགས་སྙོམས་སྒྲིག་དང་ཆུ་ལོག་སྔོན་འགོག་སོགས་ཀྱི་ཕྱོགས་བསྡུས་ནུས་པ་ལྡན་སྟབས། རྒྱལ་ཡོངས་ཀྱི་གློག་དྲར་དེ་བས་བློས་འགེལ་ཆོག་པའི་འདེགས་སྐྱོར་ཡང་ཐུབ་རྒྱུ་རེད།
ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་ཆེ་མོ་བ་ཧོ་ཏི་ཨན་ཉི་སི·ཕེ་ལེ་ལཱ་ཡིས་གསར་འགོད་པར། ཆུ་ཤུགས་གློག་ཁང་བསྐྲུན་རྗེས། ནུས་རྒྱུ་གཙང་མ་མཁོ་འདོན་ཐུབ་རྒྱུ་མ་ཟད། ད་དུང་ས་གནས་དེ་གའི་ཆུ་སྤྱོད་ཀྱི་ཆ་རྐྱེན་ཡང་ལེགས་སུ་འགྲོ་རྒྱུ་རེད། “ཆུ་མཛོད་ཁུལ་བསྐྲུན་རྗེས། ཆུའི་ཐོན་ཁུངས་སྙོམས་སྒྲིག་དེ་བས་གང་ལེགས་ཐུབ་ནས། ཞིང་ལས་དང་གྲོང་མིའི་ཆུ་སྤྱོད་ལ་སྟབས་བདེ་བསྐྲུན་རྒྱུ་རེད”ཅེས་བརྗོད།
རྣམ་གྲངས་ཨར་སྐྲུན་པུའུ་ཡི་པུའུ་ཀྲང་ཧུའུ་ཡོན་ཅུན་གྱིས། མིག་སྔར། ལས་གྲྭ་འཛུགས་སྐྲུན་གྱི་འཆར་གཞིར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། རགས་ཆེན་གྱི་གྲུབ་ཆ་གཙོ་བོའི་མཐོ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བ་དང་བསྟུན་ནས། འཕྲུལ་གློག་སྒྲིག་ཆས་ཀྱང་དུས་གཅིག་ཏུ་སྒྲིག་སྦྱོར་བྱ་རྒྱུ་རེད། ཨར་ལས་བྱེད་མང་བའི་དུས་སུ་རྣམ་གྲངས་ཀྱིས་ས་གནས་དེ་གར་ཐད་ཀར་ལས་གནས་6000ལྷག་ཙམ་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།