ཁྲིམས་སྒྱུར་ཞིབ་བཤེར་ཏན་ཏིག་བྱས་ཏེ་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་ས་མཐོའི་སྔོ་ལྗང་སྲུང་བ།
མཚོ་བོད་ས་མཐོར“འཛམ་གླིང་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་བརྗོད་ཅིང་། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་རེད།
རང་རྒྱལ་གྱི་ཆེད་བཙུགས་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཆེད་མངགས་ཚད་ལྡན་དུ་བཏང་བའི་བཅའ་ཁྲིམས་དང་པོ་ཡིན་པའི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དེ་2023ལོར་ཁྱབ་བསྒྲགས་ལག་བསྟར་བྱས་པས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་ཁྲིམས་སྐྱོང་གི་འགན་ལེན་བྱས་ཡོད།
བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ཇི་འདྲ་ཡིན། དཀའ་གནད་གང་དག་འཕྲད་ཡོད། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་ལ་བཀོད་སྒྲིག་བྱེད་སྟངས་དང་། སྲུང་སྐྱོང་སླར་གསོ། ཉེན་ཁ་སྔོན་འགོག་ཚོད་འཛིན་བཅས་ལ་སྔར་བས་ཤུགས་སྣོན་ཇི་ལྟར་རྒྱག་དགོས་ཚུལ་སོགས་ལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་ཟླ་7ཚེས་26ནས་31ཉིན་བར། ཤིན་ཅང་གི་ཨར་ཅིན་རྩྭ་ཐང་གི་ཐང་རྒོད་དང་ཕ་སྨིར་ས་མཐོའི་དབུས་རྒྱུད་སོགས་སུ་བསྐྱོད་དེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་རེད།
པ་དབྱིན་ཀུའོ་ལིན་སོག་རིགས་རང་སྐྱོང་ཀྲོའུ་རུའོ་ཆང་རྫོང་ནས་ཐོན་ཏེ་ཝུའུ་རུའོ་མྱུར་བགྲོད་གཞུང་ལམ་བརྒྱུད་ཤར་ཕྱོགས་སུ་སྐྱོད་སྐབས་ལྗང་མདོག་གིས་བཀླུབས་པའི་བྱེ་སྒང་བང་རིམ་གནམ་མཐར་ཐུག་ཅིང་། ཐ་ཁེ་ལ་མ་ཀན་དང་ཁུ་མུའུ་ཐ་ཀེ་བྱེ་ཐང་ཆེན་པོ་གཉིས་ཀྱི་འབྲེལ་མཚམས་སུ་གནས་པའི་རུའོ་ཆང་རྫོང་ནི་བྱེ་འགོག་བྱེ་བཅོས་ཀྱི་འགག་རྩའི་འཐབ་ས་ཞིག་རེད།
ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་རྗེས་སུ་འབྲངས་ནས་སྐྱེ་དངོས་བྱེ་བཅོས་ཁུལ་གྱི་འགོ་འཛུགས་སར་སླེབས་སྐབས། གསར་འགོད་པས་ཐག་མི་རིང་བའི་སར་ཚར་བོང་བསྟར་ལ་ཆགས་པ་མཐོང་བྱུང་ལ་དེའི་དཀྱིལ་དུ་བཏབ་པའི་འདྲེ་ཚེར་མ་ནག་པོ་སྐྱེ་ཚུལ་བཟང་པོ་ཡོད་པའང་མཐོང་བྱུང་། རྒྱང་ལྟ་བྱེད་སྐབས་ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ་3ནས་8བར་ཡོད་པའི་སྔོ་ལྗང་བར་ཁྱམས་ཀྱིས་བྱེ་ཐང་འཕྲེད་བཅད་བཏང་སྟེ། “སྔོ་ལྗང་གི་ཁ་དཀྲིས”ཤིག་དཀྲིས་པ་བཞིན་རླུང་འཚུབ་ཀྱི་བྱེ་སར་དག་རྫོང་གྲོང་གི་ཕྱི་རོལ་དུ་འབུད་པ་དང་གཉིས་སུ་མེད།
མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ནང་ཨར་ཅིན་རྩྭ་ཐང་གི་ཐང་རྒོད་ཅན་འགོག་བཅོས་ཀྱི་སྐྱེ་ཁམས་ནུས་པའི་ཁུལ་དེ་རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་དུ་བཅུག་པ་དང་བཅའ་ཁྲིམས་ནང་དེའི་ཆུ་རྩ་གསོ་འཁྱོངས་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། ས་ཆུ་སྲུང་འཛིན། རླུང་འགོག་བྱེ་འཇགས་སོགས་སྐྱེ་ཁམས་ནུས་པ་སྲ་བརྟན་དང་མཐོ་རུ་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།
“ཞིང་ཆུ་གང་ནས་འདྲེན་གྱི་ཡོད” “བྱེ་འགོག་བྱེ་འཇགས་ཐད་ཕན་འབྲས་གང་དག་ཐོན་ཡོད” “བཅའ་ཁྲིམས་ནང་བཀོད་པའི་འགན་འཁྲི་ས་གནས་སྲིད་གཞུང་གིས་དོན་འཁྱོལ་ཇི་ལྟར་བྱས་ཡོད” ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་དང་ས་གནས་ས་ཐོག་ཏུ་འདྲི་བ་བཏོན་པར་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ལན་རེ་རེ་བཞིན་བརྒྱབ།
རུའོ་ཆང་རྫོང་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་པིན་གྱིས་ངོ་སྤྲོད་བྱས་པར། རུའོ་ཆང་གིས་ཚན་རིག་དང་མཐུན་པའི་བྱེ་འཇགས་དང་། སྔོ་རྒྱ་ཆེར་གཏོང་། བྱེ་འགོག་བཅས་ཀྱི་འགོག་སྲུང་འཛིང་རགས་གསུམ་འཆར་འགོད་བྱས་ཏེ། སྐྱེ་དངོས་ཀྱི་བྱེ་བཅོས(ཚར་བོང་འདེབས་འཛུགས)དང་ལས་གྲྭའི་བྱེ་འཇགས(རྩྭ་བཟོས་ལིང་ཚེའི་བྱེ་ཡོལ་འདིང་བ)སོགས་གཏན་འཇགས་ཀྱི་རྒྱུག་གསོག་བྱེ་སྒང་ཁུལ་བརྒྱུད་དེ་འབྲུབ་ཆུ་འདྲེན་གཏོང་གིས་ཆུ་དཀོན་པའི་དཀའ་གནད་བསལ་ཡོད། མིག་སྔར་ཨར་ཅིན་རྩྭ་ཐང་གི་ཐང་རྒོད་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་མུའུ་ཁྲི་5.61ལེགས་གྲུབ་ཟིན་ནས་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་དུས་གཅིག་ཏུ་ཆེ་རུ་ཕྱིན་ཡོད།
མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ནང་ཡུལ་བབ་དང་བསྟུན་ནས་རླུང་གློག་དང་། འོད་ཤུགས་གློག་གཏོང་། ཆུ་གློག ཆུ་རླུང་འོད་གསུམ་གསབ་རེས་གློག་གཏོང་། འོད་དྲོད། ས་འོག་ཚ་ནུས་སོགས་ནུས་རྒྱུ་གཙང་མ་གཙོ་བོར་བྱས་པའི་ནུས་རྒྱུའི་མ་ལག་འཛུགས་སྐྲུན་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།
“ཐ་ཧྲི་ཁུར་ཀན་རྫོང་གི་ཕུན་སུམ་ཚོགས་པའི་འོད་འཕྲོའི་ཐོན་ཁུངས་ལས་གློག་ཁང་གིས་ལོར་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་ཁྲི་3800ཙམ་ཟིན་ནས་ལྗང་མདོག་ནུས་རྒྱུ་གཙང་མས་ས་མཐོའི་ཕྱུག་འགྱུར་ལམ་བུར་བཀྲག་མདངས་འཚེར་བར་བྱས་ཡོད”ཅེས་འོད་ཤུགས་གློག་ཁང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས།
“འདྲེན་སྤྱོད་ནུས་པ་གང་འདྲ་ལྡན་ཡོད” “ཕྱིར་འདྲེན་བགྲོད་ལམ་འཛུགས་སྐྲུན་ཇི་ལྟར་བྱས་ཡོད། བརྗེ་སྒྱུར་ལས་ཕྱོད་ག་ཚོད་ཡིན” ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་དྲི་བར་དམིགས་ནས་འོད་ཤུགས་གློག་ཁང་གི་ལས་དོན་མི་སྣས། གོམ་སྟབས་རྗེས་མར་ནུས་གསོག་དང་ཁྲོམ་ར་རྒྱ་ཆེར་གཏོང་བ་སོགས་ཀྱི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ནུས་རྒྱུ་གཙང་མ་ཁྱིམ་ཚང་ཁྲི་སྟོང་མང་པོར་རྒྱུན་ཆད་མེད་པར་ཁྱབ་པར་བྱ་རྒྱུ་ཡིན་ཞེས་བཤད།
མཚོ་བོད་ས་མཐོ་ནི་གནམ་གཤིས་འགྱུར་ལྡོག་གི་འགག་རྩའི་ཁུལ་དང་འགྱུར་ལྡོག་ཆེ་བའི་ཁུལ་ཞིག་ཡིན་པས་བཅའ་ཁྲིམས་ནང་གནམ་གཤིས་འགྱུར་ལྡོག་དང་དེའི་ཕྱོགས་བསྡུས་ཤུགས་རྐྱེན་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།
ཕ་སྨིར་ས་མཐོར་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡིས་མུའུ་ཧྲི་ཐ་ཀེ་ནུབ་རླུང་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་བཙུགས་ནས“འཁྱགས་རོམ་གྱི་ཕ་ས”ཞེས་འབོད་པའི་མུའུ་ཧྲི་ཐ་ཀེ་རི་བོའི་ཉེ་འགྲམ་ས་ཁོངས་སུ་རླུང་ཁམས་ཆེ་མོའི་དངོས་ཁམས་རིག་པ་དང་། འཁྱགས་རོམ་འགྱུར་ལྡོག གཙང་པོའི་ཆུ་དཔྱད་སོགས་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱས་པ་རེད།
ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་རྩ་བ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་དུ་གཏོང་བ། ཕུགས་ལ་ཕན་པ་བཅས་ཀྱི་ཁྲིམས་སྐྱོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་དང་འབྲེལ་ཡོད་སྐྱེ་ཁམས་ཁོར་ཡུག་གི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ལག་བསྟར་དོན་འཁྱོལ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། སྡེ་ཚན་དེ་དང་འབྲེལ་བ་ཡོད་པའི་ལེ་ལག་ཚང་བའི་ཁྲིམས་སྲོལ་ལམ་ལུགས་བཟོས་ནས། ས་མཐོའི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་དགོས་ཞེས་བཤད།
“ང་ཚོས་ཁྲིམས་སྒྱུར་ཞིབ་བཤེར་གོ་སྐབས་སུ་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་ཏན་ཏིག་བྱས་ནས་མེས་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་ཆེད། འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།